[A:47] ཡབ་ཤིན་ཏུ་དད་པར་གྱུར་ནས་ཕྱག་འཚལ་བ་ཡབ་སྲས་མཇལ་བའི་མདོ་ལས། གང་ཚེ་ཐུབ་ཆེན་ཞིང་པའི་གྲོང་བཞུད་ཚེ། །ཛམ་བུའི་གྲིམ་མས་བཞུད་པ་མ་བཏང་ཞིང༌། །ལྷ་བུ་གཞོན་ནུ་དྲུག་གིས་བསྟོད་གྱུར་པ། །དེའི་ཚེ་མཁས་ཆེན་ཁྱེད་ལ་བདག་ཕྱག་འཚལ། །ཞེས་སོ།། །།
༈ ལྔ་པ་བཙུན་མོའི་འཁོར་གྱིས་རོལ་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ལོ་བཅོ་ལྔ་བཞེས་པའི་ཚེ། ཡབ་ལ་སོགས་པས་འཁོར་ལོའི་བསྒྱུར་བའི་གདུང་མི་བཅད་པའི་ཕྱིར། ཁབ་བཞེས་པར་ཞུས་པ་དང༌། དེས་འདི་སྙམ་དུ། འདོད་པའི་སྐྱོན་རྣམས་མཐའ་ཡས་བདག་གིས་རིག །འཐབ་མོ་འཁོན་བཅས་མྱ་ངན་སྡུག་བསྔལ་རྩ། །འཇིགས་བྱེད་དུག་གི་ལོ་མ་དང་འདྲ་སྟེ། །མེ་དང་འདྲ་ཞིང་རལ་གྲིའི་སོ་དང་འདྲ། །འདོད་པའི་ཡོན་ཏན་བདག་འདོད་མ་ཡིན་ཏེ། །བདག་ནི་བུད་མེད་ཚོགས་དང་མཛེས་མ་ཡིན། །བསམ་གཏན་ཏིང་འཛིན་བདེ་བས་ཞི་སེམས་སུ། །བདག་ནི་མི་སྨྲ་ནགས་ཚལ་གནས་པར་བྱ། །ཞེས་ཏེ་མ་གནང་བ་དང་༑སླར་ཡང་བསམ་པ། ལྗན་ལྗིན་འདམས་གྱི་གྲོང་ནས་པདྨའི་འདབ་མ་རྒྱས།། མི་རྣམས་གང་བའི་གནས་ནས་རྒྱལ་པོས་མཆོད་པ་ཐོབ། །སྔོན་ཚེ་རྒྱལ་བ་རྣམས་ཀྱང་བཙུན་མོའི་འཁོར་ནས་ནི། །མངོན་པར་བྱུང་ནས་ཞི་བ་རབ་ཏུ་ཐོབ་པ་ཡིན།། སྙམ་དུ་དགོངས་ནས་ཞལ་གྱིས་བཞེས་པ་དང༌། །དེའི་ཚེ་རྒྱལ་པོས་བྲམ་ཟེ་མདུན་ན་འདོན་ལ་ཁྱེད་སེར་སྐྱའི་གྲོང་ཁྱེར་དུ་སོང་ལ་ཡོན་ཏན་དང་ལྡན་པའི་བུ་མོ་ལྟོས་ཤིག་ཅེས་བསྒོ་བ་དང༌། བྱང་ཆུབ་སེམས་དཔས་བུ་མོའི་ཡོན་ཏན་བྲིས་ཏེ་བསྐུར་བ༑ ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ས་འཚོ་མ་མཐོང་ནས་གཏད་པ་དང༌། བུ་མོས་སྨྲས་པ། བྲམ་ཟེ་ཡོན་ཏན་འདི་དག་བདག་ལ་ཀུན་ཚང་གི །གལ་ཏེ་གཞོན་ནུ་