R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 48
[A:48]བཞེད་ན་ཕྱི་བཤོལ་མ་མཛད་པར། །བརྒྱ་ལ་སྐྱེ་བོ་གཞན་དང་བཞུགས་པར་གྱུར་ཡང་འདའོ། །ཞེས་སོ། །དེ་ནས་ཡབ་ཀྱིས་བུ་མོ་རྣམས་ལ་དགའ་སྟོན་བྱིན་པའི་ཚེ་ས་འཚོ་མས་བྱང་སེམས་དང་ལྷ། བདག་གིས་ཅི་ནོངས་ཞེས་པ་ལ། ཁྱོད་ཕྱིས་ཏེ་འོངས་སོ་ཞེས་སོར་གདུབ་སྦྱིན་པ་མ་འདོད་པ་དང་དེ་རྣམས་རྒྱལ་པོ་ལ་བརྗོད་དོ།། དེ་ནས་རྒྱལ་པོས་ལག་ན་བེ་ཅོན་ལ་བུ་མོ་བྱིན་ཅིག་ཅེས་སྤྲིངས་པ་དང༌། ལག་ན་བེ་ཅོན་གྱིས་སྨྲས་པ། ཁོ་བོའི་བུ་མོ་སྒྱུ་རྩལ་ཤེས་པ་ལ་གཏོང་གི་གཞན་ལ་མི་གཏོང་ངོ་ཞེས་པ་དང༌། རྒྱལ་པོ་ཐུགས་མུག་པ་རྒྱལ་བུ་ཉིད་ཀྱིས་ཐོས་ནས་ལྷ་བདག་གིས་སྒྱུ་རྩལ་བསྟན་པར་བགྱིའོ་ཞེས་གསོལ་བ་དང༌། ཤཱཀྱ་ལྔ་བརྒྱ་ཙམ་ཚོགས་པ་ལ་ལག་ན་བེ་ཅོན་གྱིས་སྒྱུ་རྩལ་སུ་རྒྱལ་བ་དེས་ས་འཚོ་མ་ཁྱེར་ཅིག་ཅེས་བསྒོའོ། །དེའི་ཚེ་བྱང་ཆུབ་སེམས་དཔའི་བཞོན་པ་ཁྲིད་པའི་གླང་པོ་ཆེ་ལྷ་སྦྱིན་གྱིས་མཐོང་ནས་ཁྲོས་ཏེ་ཐལ་མོས་བསད་པ་དང༌། མཛེས་དགའ་བོས་འདི་ཡི་མཇུག་མ་ནས་བཟུང་སྟེ་གྲོང་ཁྱེར་གྱི་སྒོ་ནས་ཕྱིར་བོར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཤིང་རྟ་ལ་བཞུགས་བཞིན་དུ་ཞབས་ཀྱི་མཐེ་བོས་གླང་པོ་ཆེ་དེ་རྒྱང་གྲགས་གཅིག་ཏུ་འཕངས་པ་དང༌། ལྷ་རྣམས་ཀྱིས་ཚིགས་སུ་བཅད་དེ་སྨྲས་པ། གླང་པོའི་དབང་པོ་རྡོ་བཞིན་དུ་བཞུད་པ། །ཞབས་ཀྱི་མཐེ་བོས་གླང་པོ་དེ་བླངས་ཏེ༑ ༑ར་བ་བདུན་དང་འོབས་བདུན་རབ་འདས་ནས། །གྲོང་ཁྱེར་དེ་ཡི་ཕྱི་རོལ་རྒྱང་རིང་འཕངས། །ཞེས་སོ། །གཞན་ཡང་བཙུན་མོའི་ཕྱིར་གཞོན་ནུ་ཐམས་ཅད་ཀྱིས་བྱིས་པ་ཀུན་གྱི་བཤེས་གཉེན་དཔང་དུ་བཞག་ཏེ་ཡི་གེ་དང༌། ཤཱཀྱ་སྲིད་སྒྲུབ་དཔང་དུ་བཞག་སྟེ་རྩིས་དང་མཚོན་ཆ་བསྐོར་བ་དང༌། མཆོངས་པ་དང༌། བང་དང་༑ རྐྱལ་དང༌། མདས་སྟེང་གི་ནམ་མཁའ་ལ་ཡང་དང་ཡང་དུ་འཕངས་པས་