R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 49
[A:49]མདའ་རྣམས་གཅིག་ནས་གཅིག་ཏུ་བརྒྱུད་དེ་ས་ལ་ལྷུང་བ་དང༌། ཀུན་དགའ་བོས་རྒྱང་གྲགས་བཞི་དང༌། ལྷ་སྦྱིན་གྱིས་དཔག་ཚད་གཅིག་དང༌། མཛེས་དགའ་བོས་ཕྱེད་དང་གཉིས་དང༌། ལག་ན་བེ་ཅོན་གྱིས་དཔག་ཚད་གཉིས་ཀྱི་ཕ་རོལ་དུ་ལྕགས་ཀྱི་རྔ་རེ་རེ་འབེན་དུ་བཙུགས་ཏེ་འཕངས་པས་རང་གི་ལ་ཕོག་ནས་ཐལ་གྱིས་བྱུང་བ་དང༌། བྱང་ཆུབ་སེམས་དཔས་དཔག་ཚད་ཕྱེད་དང་གསུམ་གྱི་ཕ་རོལ་དུ་ལྕགས་རྔ་གཅིག་དང༌། ཤིང་ཏཱ་ལ་བདུན་དང་ལྕགས་ཀྱི་ཕག་རྒོད་ཀྱི་གཟུགས་གཅིག་བཙུགས་ཏེ། གདན་ལས་མ་བཞེངས་རྩོལ་བ་མ་མཆིས་པར། །ཐུབ་པས་གནམ་རུ་འདི་འདྲ་བདུངས་པ་ལས། །གདོན་མི་འཚལ་བར་དགོངས་པ་རྫོགས་གྱུར་ཏེ། །བདུད་ཀྱི་སྡེ་བཅོམ་མྱུར་དུ་ཐུབ་པར་བྱོན། །ཞེས་པས་མེས་སེང་གེ་འགྲམ་གྱི་གནམ་རུ་ཞེས་བྱ་བ་སོར་མོ་གཅིག་གིས་བདུངས་ནས་འཕངས་པས། འབེན་སྔ་ཕྱི་ཐམས་ཅད་ལས་ཐལ་ཏེ་ས་ལ་ནུབ་ནས་ཁུང་བུ་ཞིག་བྱུང་བས་མདའ་ཆུ་ཁྲོན་པ་ཞེས་གྲགས་སོ། །དེ་ནས་ཤཱཀྱ་སུམ་ཅུ་རྩ་གཉིས་ཀྱིས་སྟོབས་འགྲན་པ་ན༑ ཕྱག་གཡས་པས་ལྷ་སྦྱིན་ནམ་མཁའ་ལ་བསྐོར་ཏེ་འཕངས་ནས་ལུས་ལ་གནོད་པ་མེད་པར་བྱིན་གྱིས་བརླབས་པས། རྒྱལ་བུ་ཉིད་མཆོག་ཏུ་འཕགས་པར་གྱུར་པ་དང་ཐམས་ཅད་ངོ་མཚར་དུ་གྱུར་ཏེ། ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་གྱད་ཆེན་སྟོབས་པོ་ཆེ་འདྲ་ལ། །ཅིག་ཅར་སྐྱེས་བུའི་མཆོག་ལ་རུབ་གྱུར་ཀྱང༌། །རེག་པ་ཙམ་གྱིས་ས་ལ་འགྱེལ་བར་འགྱུར། །ཞེས་པ་དང་༑ འདི་ནི་ས་ཡི་སྙིང་པོ་སྔོན་གྱི་སངས་རྒྱས་གདན་ལ་བཞུགས། །ཞི་གནས་གནམ་རུ་ཐོགས་ཤིང་སྟོང་པ་བདག་མེད་མདའ་རྣམས་ཀྱིས། །ཉོན་མོངས་དགྲ་རྣམས་བཅོམ་སྟེ་ལྟ་བའི་དྲ་བ་དྲལ་ནས་སུ། །བྱང་ཆུབ་དམ་པ་ཞི་བ་རྡུལ་མེད་མྱ་