[A:51]ཁང་བཟང་དུ་བཅུག་ནས། ཕྱོགས་རྣམས་ཤཱཀྱ་ལྔ་བརྒྱས་བསྲུངས་པ་དང༌། དེའི་ནམ་མཁའ་ལ་ལྷ་རྣམས་ཀྱིས། ད་སྟེ་ཞག་བདུན་ན་བྱང་ཆུབ་སེམས་དཔའ་གྲོང་ཁྱེར་གྱི་ཕྱིར་མ་གཤེགས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་ལ། གལ་ཏེ་གཤེགས་ན་སངས་རྒྱའོ་ཞེས་ནུབ་རེ་བཞིན་སྒྲོགས་སོ། །དེ་ནས་ཞག་བདུན་འདས་པའི་མཚན་མོ་ནམ་ཕྱེད་ན། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱིས་མི་རྣམས་གཉིད་མཐུག་པོ་ལ་བཀོད་པ་དང༌། བྱང་ཆུབ་སེམས་དཔས་ཡབ་ལ། ལྷ་གཅིག་བདག་ནི་མངོན་པར་བྱུང་བའི་དུས་བབ་རིག །གེགས་ཀྱང་མི་མཛད་མི་དགྱེས་པར་ཡང་མ་མཛད་ཅིག །རྒྱལ་པོ་གཉེན་བཅས་ཡུལ་འཁོར་བཅས་ཏེ་གློད་པར་མཛོད༑ ༑ཅེས་ཞུས་པས། ཡབ་ཀྱིས་གཞོན་ནུ་དེ་སྐད་མ་སྨྲ་ཞིག་ཁྱོད་ཅི་འདོད་པ་སྦྱིན་ནོ། །ཞེས་པ་ལས། བདག་ནི་སྐྱེ་རྒ་ན་འཆི་མེད་པར་འཚལ་ལོ་ཞེས་གསུངས་པས༑འདི་ནི་ངེས་པར་མངོན་པར་འབྱུང་ངོ་སྙམ་ནས། ཕན་བྱེད་འགྲོ་ན་ཐར་བྱེད་རྗེས་སུ་ཡི་རང་བའོ། ཁྱོད་ཀྱི་བསམ་པ་རྣམས་ནི་ཡོངས་སུ་རྫོགས་གྱུར་ཅིག །ཞེས་གནང་བ་བྱིན་ནོ། །དེ་ནམ་ཕྱེད་ཀྱི་སྐར་མ་རྒྱལ་མངོན་དུ་གྱུར་པ་ན་ཁང་པའི་སྟེང་དུ་བྱོན་ཏེ། ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ནས་གསོལ་བ་བཏབ་སྟེ། ང་ཡི་བཀྲ་ཤིས་དོན་ཀུན་གྲུབ་འདི་ནི། །དོན་ནུབ་གདོན་མི་ཟ་བར་འགྲུབ་འགྱུར་གྱིས། །འདུན་པ་ཕྱི་ཤོལ་མ་བྱེད་ལ་གོར་དུ། །རྟ་རྒྱལ་རྒྱན་གྱིས་བརྒྱན་པ་ང་ལ་བྱིན། །ཞེས་གསུངས་པ་དང༌། འདུན་པས་ཁྱོད་ནི་དུས་ཚོད་མཁྱེན་པ་ལགས་ན་ཅིའི་སླད་དུ་བཀའ་བསྩལ། ཞེས་པ་ལ། འདྲེན་པ་ང་ནི་གཞན་དོན་འཚལ་བ་ན། །བྱང་ཆུབ་རྒ་ཤི་མེད་པའི་དོན་ཐོབ་ནས། །འགྲོ་བ་བསྒྲལ་བར་བྱ་ཞེས་ཡུན་རིང་ནས། །སྨོན་ལམ་བཏབ་པ་དེ་ཡི་དུས་ལ་བབས། །ཞེས་གསུངས་