R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 52
[A:52]ནས་བསྔགས་ལྡན་ཆིབས་ཏེ་རྒྱལ་པོ་ཆེན་པོ་བཞིས་རྟའི་རྨིག་པ་བཞི་ལས་བཏེག་ནས༑ བརྒྱ་བྱིན་དང་ཚངས་པས་ལམ་བརྒྱན་ཏེ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་ལ་སོགས་པས་མཆོད་པ་བྱེད་ཅིང༌། ནམ་མཁའ་ལ་གཤེགས་ཏེ་དཔག་ཚད་དྲུག་གི་ཕ་རོལ་མཆོད་རྟེན་རྣམ་དག་གི་དྲུང་དུ་ཕྱིན་པ་དང༌། དྲང་སྲོང་ཆེན་པོ་དགེ་བ་སྟོང་དག་སྤྱད་པ་དང༌། །ནམ་ཕྱེད་ནས་ནི་དཔག་ཚད་དྲུག་ཏུ་སོང་གྱུར་ནས། ། འདུན་པ་དེ་ལ་རྟ་མཆོག་དང་ནི་རྒྱན་རྣམས་གཏད། །འདུན་པ་འདི་དག་ཁྱེར་ལ་སེར་སྐྱའི་གྲོང་སོང་ཞིག །ཡབ་དང་ཡུམ་དག་ལ་ཡང་ང་ཡི་ཚིག་གིས་ནི། །གཞོན་ནུ་སོང་གི་སླར་ཡང་ཐུགས་ངན་མ་མཛད་ཅིག །བྱང་ཆུབ་སངས་རྒྱས་ནས་ནི་སླར་འདིར་མཆི་བར་བྱེད། །ཆོས་རྣམས་གསན་ནས་ཐུགས་ཀྱང་ཞི་བར་འགྱུར། །ཞེས་སྨྲོས་ཤིག་ཅེས་པས་རྟ་དང་ན་བཟའ་དང་རྒྱན་རྣམས་འདུན་པ་ལ་གཏད་དེ། རྒ་ཤི་མེད་པའི་གནས་མཆོག་འཆི་མེད་པ། །བྱང་ཆུབ་དམ་པ་ང་ཡིས་མ་ཐོབ་བར། །ང་ནི་སེར་སྐྱའི་གྲོང་ཁྱེར་མངོན་ཕྱོགས་དོར། །འགྲེང་འདུག་ཉལ་དང་འཆག་པར་མི་བྱའོ༑༑ཞེས་གསུངས་པ་དང༌། འདུན་པས་བདག་ལ་ཆད་པས་གཅོད་དུ་མཆིའོ། ། ཞེས་པ་ལ། ང་ལ་བྱམས་པ་བཞིན་དུ་ཁྱོད་ལ་བྱམས་པར་འགྱུར་གྱིས་གསུངས་པ་དང་༑ འདུན་པས་དེར་མཆོད་རྟེན་བརྩིགས་པས་འདུན་པ་ཕྱིར་ལོག་གི་མཆོད་རྟེན་ཞེས་གྲགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རལ་གྲི་ཤུབས་ནས་ཕྱུང་སྟེ་ཉིད་ཀྱི་དབུ་སྐྲ་བཞར་བ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱིས་གསེར་གྱི་གཞོང་པར་བླངས་ཏེ། མཆོད་རྟེན་བྱས་ནས་དུས་རྒྱུན་དུ་མཆོད་པ་བྱེད་དོ། །གཙུག་ཕུད་ཀྱི་མཆོད་རྟེན་ཞེས་ཟེར་རོ། །དེའི་ཚེ་གཙང་མའི་རིས་ཀྱི་ལྷའི་བུ་དྲི་མ་མེད་པ་ཞེས་བྱ་བ་མངོན་པར་སྤྲུལ་པ་ལས་ངུར་སྨྲིག་བླངས་ཏེ། རང་བྱུང་གི་བསྙེན་པར་