R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 53
[A:53]རྫོགས་པར་མཛད་པ་དང་པོ་དེ་ཡང་འདུན་པས་མཐོང་ནས། མཆོད་རྟེན་བརྩིགས་པས་ངུར་སྨྲིག་བླངས་པའི་མཆོད་རྟེན་ཞེས་གྲགས་སོ། །དེ་ནས་འདུན་པས་གྲོང་ཁྱེར་སེར་སྐྱར་ཕྱིན་ནས་དོན་རྣམས་བསྙད་པས་ཐམས་ཅད་ཀྱི་མྱ་ངན་ཞི་བར་གྱུར་ཏོ༑༑ ༑༑ ༈ བདུན་པ་དཀའ་བ་སྤྱད་པ་ནི། དེ་ནས་ཕྱི་རོལ་པའི་ལྟ་སྤྱོད་ལམ་མ་ཡིན་པར་བསྟན་པའི་དོན་དུ། མཐར་གྱིས་གྲོང་ཁྱེར་ཡངས་པ་ཅན་འཇིག་རྟེན་ན་གདམས་ངག་ཆེ་བར་གྲགས་པ། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར། ཁྱོད་ལ་ཚངས་པར་སྤྱད་པ་སྤྱོད་དོ། །ཞེས་པ་དང༌། དེས་ཀྱང་ཅི་ཡང་མེད་པའི་ཆོས་བསྟན་ཏེ། སློབ་མ་ལ་ཆོས་སྟོན་དུ་བཅུག་པ་དང་དེས་སུན་ཕྱུང་ནས་རིམ་གྱིས་མ་ག་དྷཱའི་རྒྱལ་པོ་གཟུགས་ཅན་སྙིང་པོ་དགའ་བར་བྱས་ཏེ། དེའི་རེངས་བྱེད་ཀྱི་བུ་ལྷག་སྤྱོད་དག་རྒྱལ་པོའི་ཁབ་ན་སློབ་མ་མདུན་བརྒྱ་ལ་འདུ་ཤེས་མེད་མིན་གྱི་ཆོས་སྟོན་པའི་གདམས་ངག་བསྒོམས་ཏེ། དེ་དག་མངོན་དུ་གྱུར་ནས་གྲོགས་དག་ཁྱོད་ཀྱི་ལམ་འདི་ངེས་པར་འབྱུང་བ་མ་ཡིན། འགོག་པ་མ་ཡིན། ཞི་བ་མ་ཡིན། འདོད་ཆགས་དང་བྲལ་བ་མ་ཡིན་ཞེས་སུན་ཕྱུང་བ་དང༌། དེ་དག་གི་འཁོར་ལས་ཡོངས་སུ་ཆད་པའི་སློབ་མ་ལྔ་སྡེ་དང་འགྲོགས་ཏེ། མ་ག་དྷཱའི་རི་ག་ཡའི་རྩར་ཕྱིན་པས་དཔེར་ན་གཙུབས་ཤིང་དང་གཙུབས་སྟན་རློན་པ་ཆུར་བཅུག་སྟེ་གཙུབས་ན་མེ་མི་འབྱུང་བ་བཞིན་དུ། དགེ་སློང་དང་བྲམ་ཟེ་རྣམས་ཀྱི་ལུས་སེམས་རྣམ་པར་གཡེངས་ཏེ། འདོད་པ་ལ་ཞེན་ཅིང་སྲེད་པས་ཡེ་ཤེས་མི་འཐོབ་བོ། །ཡང་དཔེར་ན་གཙུབས་ཤིང་དང་གཙུབས་སྟན་ཆུར་མ་བཅུག་ཀྱང་རློན་པས་མེ་མི་འབྱུང་བ་བཞིན་དུ་དེ་དག་གི་ལུས་སེམས་དབེན་པར་གནས་ཀྱང་འདོད་པ་ལ་སྲེད་ཅིང་ཆགས་པས་ཡེ་