R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 54
[A:54]ཤེས་མི་འཐོབ་བོ། །ཡང་དཔེར་ན་དེ་གཉིས་སྐམ་པོ་ལ་གཙུབས་པས་མེ་འབྱུང་བ་བཞིན་དུ། དེ་དག་གི་ལུས་སེམས་དབེན་པ་ལ་གནས་ཏེ་འདོད་པ་ལ་མ་ཆགས་པས་དཀའ་བ་སྤྱད་ན་ཡེ་ཤེས་འཐོབ་བོ་ཞེས་དཔེ་གསུམ་གྱིས་སྔར་མ་ཤེས་པའི་ཆོས་ཤེས་པར་གྱུར་ཏོ། །དེ་ནས་ཚུལ་ཁྲིམས་དང་རྟུལ་ཞུགས་མཆོག་ཏུ་འཛིན་པའི་ཡོངས་སུ་གདུང་བས་དགའ་བ་ཚོལ་བ། ཉ་ལྕིབས་དང༌། བ་གླང་གི་ལྕི་བ་ཟ་བ་དང༌། སྐྲའི་ལྭ་བ་གོན་པ་དང༌། གཅེར་བུ་མགོ་བྲེག་པ་དང༌། མེ་ལྔ་བསྟེན་པ་ལ་སོགས་པའི་མུ་སྟེགས་ཅན་རྣམས་སུན་དབྱུང་བའི་ཕྱིར། ལྟེང་རྒྱས་གྱི་ཤར་ཕྱོགས་འཇུག་ངོགས་བདེ་བའི་ཀླུང་ནཻ་རཱཉྫ་ནའི་ཀླུང་འགྲམ་དུ། ཟས་དང་སྐོམ་བཅད་དེ་ཏིལ་ཕྱེད་ཕྱེད་ཙམ་གསོལ་ནས་བྱ་དཀའ་བའི་སྤྱོད་པས་ལོ་དྲུག་ཏུ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནི་བསམ་གཏན་བཞི་པའི་ཏིང་ངེ་འཛིན་ཏེ། དེའི་ཚེ་ལྷ་དང་མི་ཕྲག་ཁྲིག་ཕྲག་བཅུ་གཉིས་ཐེག་པ་གསུམ་ལ་བཀོད་དོ། །དེའི་ཚེ་བདུད་ཀྱིས་དཔག་ཚད་བརྒྱད་ཅུ་དམག་གིས་བཀང་སྟེ་གླགས་བཙལ་ཀྱང་སྐབས་མ་རྙེད་ནས། མི་སྣང་བར་གྱུར་ཏོ། །དེ་ནས་དུས་གསུམ་གྱི་སངས་རྒྱས་ཀྱི་ཐུགས་ཀྱི་འོད་ཟེར་གྱིས་བསླངས་པ་དང༌། ཚུལ་འདིས་བྱང་ཆུབ་མངོན་དུ་བྱ་བར་མི་ནུས་སྙམ་ནས་དེ་ལས་བཞེངས་པ་དང༌། ཞིང་པའི་བུ་མོ་ལེགས་སྐྱེས་མ་ལྷ་རྣམས་ཀྱིས་བསྔགས་ཏེ། གསེར་གྱི་གཞོང་པ་འབྲས་ཆན་དང་འོ་མས་བཀང་ཏེ་ཕུལ་བ། ཆུ་གླིང་ལ་ཀླུའི་བུ་མོས་ཁྲི་བཤམས་པ་ལ་བཞུགས་ཏེ་གསོལ་ནས་སྣོད་ཆུ་ལ་བོར་བ་
ཀླུའི་རྒྱལ་པོ་རྒྱ་མཚོས་ཁྱེར་བ་ལ། ནམ་མཁའ་ལྡིང་དུ་སྤྲུལ་ནས། འཕྲོག་པར་བརྩམ་པ་མ་མཐོང་བ་སླར་རང་ཉིད་ཀྱིས་བླངས་ཏེ་
བརྒྱ་བྱིན་གྱིས་ཁྱེར་རོ། །དེའི་ཚེ་ཐུབ་པའི་སྐུ་བརྟས་ཏེ་གསེར་གྱི་གཏན་པ་ཕྱིས་པ་ལྟ་བུར་གྱུར་པ་དང༌། ལྔ་སྡེ་མ་