R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 55
[A:55]དད་ནས་གོའུ་ཏ་མ་འོ་མ་འཐུང་པ་དང་འཚལ་བ་ལྷོད་པའོ་ཞེས་སྨྲ་ཞིང་ཝཱ་རཱ་ཎ་སཱིར་གནས་སོ།། །། ༈ བརྒྱད་པ་བྱང་ཆུབ་སྙིང་པོར་གཤེགས་པ་ནི། དེ་ནས་ལྷ་རྣམས་ཀྱིས་ལམ་དང་བྱང་ཆུབ་སྙིང་པོ་ལེགས་པར་བརྒྱན་པའི་ནང་དུ་ཡང་ལྷ་དང་ལྷ་མོ་རྣམས་ཀྱིས་བྱང་ཆུབ་ཀྱི་ཤིང་བརྒྱད་ཁྲི་ཡོངས་འདུ་ས་བརྟོལ་ལྟ་བུ་བསྐྱེད་པར་བདེ་བར་གཤེགས་ཏེ། རྡོ་རྗེའི་གདན་དུ་རྩྭ་བཏིང་བ་ལ་བཞུགས་པར་དགོངས་ནས༑རྩྭ་འཚོང་བཀྲ་ཤིས་ལ། བཀྲ་ཤིས་རྩྭ་དག་ང་ལ་མྱུར་དུ་བྱིན། །དེ་རིང་ང་ལ་རྩྭ་ཡིས་དོན་ཆེན་འགྱུར། །དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་ཞི་བ་དམ་པ་འཐོབ་པར་འགྱུར། །གང་གི་ཆེད་དུ་ང་ཡིས་བསྐལ་སྟོང་དུ། ། སྦྱིན་དང་དུལ་དང་སྡོམ་དང་གཏོང་བྱས་དང༌། །ཚུལ་ཁྲིམས་བརྟུལ་ཞུགས་དཀའ་ཐུབ་རབ་སྤྱད་པ། །དེ་ནི་དེ་རིང་ང་ཡིས་འཐོབ་པར་འགྱུར། །ཞེས་ཏེ། རྩྭ་ཀུ་ཤ་རྨ་བྱའི་མགྲིན་པ་ལྟར་སྔོ་ཞིང་འཇམ་ལ་དྲི་ཞིམ་པ་ལྕང་ལོ་ལྟར་གཡས་སུ་འཁྱིལ་བ་ཆག་གང་བླངས་ནས་ཐུབ་པ་ཉིད་ཀྱིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་མ་འཁྲུགས་པར་བཏིང་པ་ལ་ཤར་དུ་གཟིགས་ཏེ། སྐུ་དྲང་པོར་བསྲངས་ནས་དགོངས་པ་མངོན་དུ་བཞག་སྟེ་སྐྱིལ་མོ་ཀྲུང་དུ་བཞུགས་ནས། སྟན་འདིར་བདག་གིས་ལུས་འདི་སྐམས་ཀྱང་རུང༌། །པགས་པ་རུས་པ་ཤ་རྣམས་ཞིག་གྱུར་ཀྱང༌། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་དམ་བཅའ་མཛད་པ་ལ་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་འདུས་པས་མཆོད་དོ། ། ༈ དགུ་པ་བདུད་བཏུལ་བ་ནི། དེ་ནས་སྲོད་ལ་སྨིན་མཚམས་ནས་བདུད་ཀྱི་དཀྱིལ་འཁོར་རྣམ་པར་འཇོམས་པ་ཞེས་བྱ་བའི་འོད་བཀྱེ་བ་དང༌། འོད་དེས་སྟོང་