R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 57
[A:57]ལ་འཇིགས་པའམ། ཡ་ང་བའམ་བག་ཚ་བ་མེད་ཅིང་མཚོན་ཆ་ལ་སོགས་པ་བསྣུན་པས་ཀྱང༌། བྱམས་ལྡན་ཐུབ་པ་དེ་ཡི་སྐུ་ལ་ནི། །མེ་དང་དུག་དང་མཚོན་གྱིས་མི་ཚུགས་ཤིང༌། །མཚོན་ཆ་འཕངས་པའང་མེ་ཏོག་ཉིད་གྱུར་ཏེ། །འདི་ལྟར་དེ་ཡིས་བྱམས་ཆེན་བསྒོམ་ཕྱིར་རོ། །ཞེས་པའི་ཚུལ་གྱིས་གནོད་པར་མ་གྱུར་ལ། བདུད་ཀྱི་བུ་མོ་བཞིན་མཛེས་མ་དག་ཀྱང་རྒན་མོར་བསྒྱུར་ཏོ། །དེ་ནས་སྡིག་ཅན་གྱི་བུ་སྟོང་ལས་བློ་གྲོས་བཟང་པོ་དང་ངན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དང་ཕའི་ཕྱོགས་གཉིས་སུ་ཆད་དེ། ཕའི་ཕྱོགས་གཟི་བརྗིད་དྲག་ཤུལ་ཅན་ཞེས་བྱ་བས༑ འབྲོག་གི་མེ་ལྕེ་ཆུང་ངུ་ཡིས། །ནགས་ཚལ་ཕུན་ཚོགས་བསྲེགས་པ་ལྟར། ། བདག་ནི་ཤཱཀྱའི་ལུས་བཟངས་ཀྱི། ཁོང་དུ་ཞུགས་ཏེ་བསྲེགས་པར་བགྱི། །ཞེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའི་ཕྱོགས་ཀྱི་མིག་བཟངས་ཞེས་པས། ཁྱོད་ནི་རི་རབ་ནང་ཞུགས་ཏེ། །ཐམས་ཅད་བསྲེགས་པར་ནུས་གྱུར་ཀྱང༌། ཁྱོད་འདྲ་གངྒཱའི་བྱེ་སྙེད་ཀྱིས། །རྡོ་རྗེའི་ཐུགས་ལྡན་བསྲེགས་མི་ནུས། །ཞེས་བརྩད་པས་མ་ཐུབ་ཅིང༌། ཡང་བྱང་ཆུབ་སེམས་དཔས་སྡིག་ཅན་ཁྱོད་ཀྱིས་ནི་གཏན་པ་མེད་པའི་མཆོད་སྦྱིན་གཅིག་གིས་འདོད་པའི་དབང་ཕྱུག་གཞན་འཕྲུལ་དབང་བྱེད་ཐོབ་པར་ཟད་ལ། ངས་ནི་མཆོད་སྦྱིན་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་མས་བྱང་ཆུབ་བརྙེས་སོ།། ཞེས་གསུངས་པ་དང༌། སྡིག་ཅན་གྱིས། སྔོན་ཆད་ཁོ་བོས་མཆོད་སྦྱིན་གཏན་པ་མེད༑ ༑བྱས་པ་ལ་ནི་ཁྱོད་ཉིད་དཔང་ཡིན་ན། ཁྱོད་ལ་འདི་ན་དཔང་འགའ་ཡོད་མིན་པས། །སྨྲས་ཀྱང་དཔང་མེད་འདི་ནི་ཕམ་པ་ཡིན། །ཞེས་རྒྱུ་ལམ་བསྒྲུབ་པ་ལ་སྐུར་བ་བཏབ་པ་དང༌། བྱང་ཆུབ་སེམས་དཔས་ཕྱག་གཡས་པ་ས་ལ་བརྡབས་ཏེ༑ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། །རྒྱུ་དང་མི་རྒྱུ་ཉེ་རིང་མེད་པར་སྙོམས།།