R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 61
[A:61]བར་བྱེད་པ་ཡིན། །ཞེས་གསུངས་ཏེ་བཀའི་ཐོག་མར་གྲགས་སོ། །བདུན་པའི་ཚེ་ཤིང་སྒྲོལ་རྒྱུའི་ཚལ་དུ་བཞུགས་པས། ཚོང་པ་ག་གོན་དང་བཟང་པོ་ལྷོ་ནས་བྱང་དུ་ཕྱིན་པའི་ཚེ། གླང་བུ་ཅང་ཤེས་ལེགས་སྐྱེས་དང་གྲགས་པ་གཉིས་འགྲོར་མ་འདོད་ནས། ཕྱོགས་ཀུན་ཏུ་བཙལ་བས་དེ་བཞིན་གཤེགས་པ་མཐོང་སྟེ། སྦྲང་རྩི་དང་སྐྱོ་མ་དང་བུར་ཤིང་བཤུས་པ་ཕུལ་བ། རྒྱལ་པོ་ཆེན་པོ་བཞིས་གསེར་དང་དངུལ་དང་བཻཌཱུརྱ་དང་ཤེལ་དང་སྤུག་དང་རྡོའི་སྙིང་པོ་དང༌། རིན་པོ་ཆེ་ཐམས་ཅད་ལས་བྱས་པའི་ལྷུང་བཟེད་བདུན་བཞི་ཉི་ཤུ་རྩ་བརྒྱད་ཕུལ་བས་མ་བཞེས་ནས༑ སླར་ཡང་རྡོའི་ལྷུང་བཟེད་བཞི་གསེར་གྱི་མེ་ཏོག་གིས་བཀང་སྟེ་ཕུལ་བ་བླངས་ནས་གཅིག་ཏུ་བྱིན་གྱིས་བརླབས་པའི་ནང་དུ་བཞེས་ཏེ། ང་ཡིས་སྲིད་པར་སྣོད་རྣམས་དང༌། །བཟང་རྒྱས་འབྲས་བུས་བཀང་སྟེ་སྦྱིན། །དེ་ནས་ལྷུང་བཟེད་དབྱིབས་ལེགས་བཞི། །རྫུལ་འཕྲུལ་ཆེན་པོའི་ལྷ་བཞིས་བྱིན། ཞེས་སོ། །དེ་ནས་བྲམ་ཟེ་རྨ་བྱ་ཞེས་བྱ་བ་ཚངས་པའི་འཇིག་རྟེན་དུ་སྐྱེས་པའི་ལྷའི་བུ་ཞིག་ན་རེ། དེ་ལ་ཞལ་ཟས་ཕུལ་ཅིག་དང་གསོལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ།། ཞེས་ཟེར་ནས་རིན་པོ་ཆེའི་གཞོང་པ་སྦྲང་རྩི་དང་འོ་མས་བཀང་ནས་ཕུལ་བ་གསོལ་ཏེ། སྣོད་ནམ་མཁའ་ལ་བོར་བ་ཚངས་པས་ཁྱེར་རོ། །དེ་ནས་འདི་སྐད་ཅེས༑ ལྷ་ཡི་བཀྲ་ཤིས་དོན་གྲུབ་པ། །ཕྱོགས་རྣམས་བཀྲ་ཤིས་བྱེད་པ་དེས། ཁྱེད་ཀྱི་དོན་རྣམས་འགྲུབ་གྱུར་ཅིག །ཐམས་ཅད་མྱུར་དུ་མཐུན་པར་ཤོག །ཅེས་ ཤིས་པ་བརྗོད་ནས། ཁྱེད་རྣམས་ཀྱི་ནི་དགེ་བའི་ལས་འདི་ཡིས། །སྦྲང་རྩི་འབྱུང་ཞེས་བྱ་བའི་རྒྱལ་བར་འགྱུར། །ཞེས་དེ་གཉིས་ཀྱང་ལུང་བསྟན་ནོ། །དེ་ནས་འདི་སྙམ་དུ་ངས་ཆོས་ཟབ་མོ་བསྟན་ཅིང་སྤྱད་དུ་མེད་པ་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་