[A:63] པ་ང་ཡིས་ཐ་བ་ཀུན། །བཅོམ་ནས་ཚེགས་ཆེན་གྱིས་རྟོགས་པའི། །ཆོས་འདི་སྲིད་པར་ཆགས་རྣམས་ཀྱིས། །བསྟན་ཀྱང་བདེ་བླག་རྟོགས་མི་ནུས། །ཞེས་པ་དང༌། སྐྱེས་བུ་འདོད་པ་རྣམས་ཀྱིས་བཅིངས༌། །རྒྱུན་གྱི་རབ་ཏུ་བསྡམས་པ་ཡིས། ། རྒྱུ་ལས་ལྡོག་པའི་ཆོས་འདི་ནི། །བསྟན་ཀྱང་རྟོགས་པར་འགྱུར་མ་ཡིན། །ཞེས་གསུངས་ནས་མ་གནང་སྟེ། ཡང་སྔོན་མར་མེ་མཛད་ཀྱིས་ཐུབ་པ་ལུང་བསྟན་པའི་ཚེ༑ སྨོན་ལམ་བཏབ་པའི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བས། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་བ་དང༌། ཚངས་པ་ལ་སོགས་པས། མ་ག་དྷཱ་ཡི་ཡུལ་འདིར་སྔོན་ཆད་ཆོས། །མ་དག་དྲི་མའི་རྗེས་སུ་འབྲེལ་བ་བྱུང༌། །བདུད་རྩིའི་སྒོ་ནི་དབྱེ་བར་མཛོད་ཅིག་ཆོས། །རྡུལ་བྲལ་དྲི་མ་མེད་པར་བསྟན་དུ་གསོལ། །ཞེས་ཞུས་སོ། །རྒྱ་ཆེ་རོལ་པ་ལས། མི་ཡི་སེང་གེ་ཁྱོད་ནི་སངས་རྒྱས་འགྱུར་རོ་ཞེས། །གང་ཚེ་མར་མེ་མཛད་ཀྱིས་ལུང་བསྟན་པ། ། དེ་ཚེ་བདག་གིས་སྨོན་ལམ་འདི་བཏབ་སྟེ། །རྫོགས་པའི་བྱང་ཆུབ་བརྙེས་ནས་བདག་གིས་ཆོས་བཤད་བསྐུལ། །ཞེས་སོ། །དེ་ནས་གདུལ་བྱ་རིགས་ཅན་གསུམ་ལ་གཟིགས་ནས་གསུང་བར་དགོངས་ཏེ། ཚངས་པ་ལ། མ་ག་དྷཱ་ཡི་སེམས་ཅན་གང་སུ་དག །རྣ་བར་ལྡན་ཞིང་དད་དང་ལྡན་གྱུར་པ། །མི་ཚེ༷་རྟག་ཏུ་དམ་པའི་ ཆོས་ཉན་པ། །དེ་དག་ལ་ནི་བདུད་རྩིའི་སྒོ་དབྱེ་འོ། །ཞེས་གསུངས་ཏེ་གནང་བ་དང་༑ ཚངས་པས་གྲོགས་པོ་དག དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གནང་ངོ་ཞེས་པ་གོང་ནས་གོང་དུ་ཚངས་རིས་ཀྱི་ལྷ་མན་ཆད་ལ་བསྒྲགས་སོ།། །།
གཉིས་པ་དོན་གསུམ་གྱིས་ཆོས་གསུངས་པའི་ཚུལ་ལ་འཁོར་ལོ་གསུམ་