[A:64]ལས༑ དང་པོ་ནི། དེ་ནས་བྱང་ཆུབ་ཀྱི་ཤིང་གི་ལྷ་ཆོས་སྲེད་ལ་སོགས་པ་བཞིས་ཆོས་ཀྱི་འཁོར་ལོ་གང་དུ་བསྐོར་ཞེས་ཞུས་པ་དང༌། ཕྱོགས་གང་དུ་སངས་རྒྱས་སྟོང་གིས་ཆོས་གསུངས་པ་དང༌། གསུང་བར་འགྱུར་བའི་ཝཱ་རཱ་ཎ་སཱིར་རོ། །ཅིའི་ཕྱིར་ཞེ་ན། ཝཱ་རཱ་ཎ་སཱི་དེ་ནི་སྔོན་གྱི་དྲང་སྲོང་དམ་པ་རྣམས་ཀྱི་གནས། །ས་དེ་ལྷ་དང་ཀླུ་ཡིས་མངོན་བསྟོད་རྟག་ཏུ་ཆོས་ནི་མངོན་པར་གཞོལ། །ངས་ནི་སྔོན་ཆད་སངས་རྒྱས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་གཅིག་དྲན། །དེ་དག་དྲང་སྲོང་ཞེས་བྱ་ནགས་མཆོག་དེར་ནི་འཁོར་ལོ་དམ་པ་བསྐོར། །ཞེས་གསུངས་ནས་ཐོག་མར་གདུལ་བྱ་དབང་པོ་རྣོ་བ་སྔོན་གྱི་སློབ་དཔོན་རིང་འཕུར་དང་ལྷག་སྤྱོད་ལ་ཆོས་བཤད་པར་དགོངས་པ་ན། དེ་དག་ཚེའི་དུས་བྱས་ནས་ཞག་གསུམ་དང་བདུན་ལོན་པར་གྲགས་སོ། །དེ་ནས་གྲོང་ཁྱེར་ཁ་ལོ་བསྒྱུར་བར་གཤེགས་པའི་ཚེ་གངྒཱ་ལ་གྲུ་བཙས་འདོད་པ་ལ། མེད་ཅེས་གསུངས་ནས་ནམ་མཁའ་ལ་གཤེགས་པ་དང་༑ གཟུགས་ཅན་སྙིང་པོས་རབ་ཏུ་བྱུང་བ་ལ་གྲུ་བཙས་མི་ལེན་པར་བཅས། དེ་ནས་ཐོག་མར་ལྔ་སྡེ་ལ་ཆོས་བཤད་པར་དགོངས་ཏེ། མཐར་གྱིས་མ་ག་དྷཱ་ནས་གྲོང་ཁྱེར་ཝཱ་རཱ་ཎ་སཱིར་གཤེགས་པ་ན། ཉེར་འགྲོ་དང་ཕྲད་པ་ལ་བྲམ་ཟེ་ཉེར་འགྲོས༑ གོའུ་ཏ་མ་ཁྱོད་ནི་སུ་ཞིག སུ་ལ་ཚངས་པར་སྤྱད། གང་དུ་འགྲོ་ཞེས་དྲིས་པ་ལ། ང་ལ་མཁན་པོ་སློབ་དཔོན་མེད། །ང་ནི་རང་བྱུང་རྫོགས་སངས་རྒྱས། །ང་ནི་འཇིག་རྟེན་དགྲ་བཅོམ་པ། །ང་ནི་སྟོན་པ་བླ་མེད་ཡིན། །ལྷ་མིར་བཅས་པའི་འཇིག་རྟེན་ན། །ང་ལ་དོ་ཟླ་ཡོད་མ་ཡིན། །སྡིག་པའི་ཆོས་ལས་རྒྱལ་བས་ན། ། ཉེར་འགྲོ་ང་ནི་རྒྱལ་བ་ཡིན། །ང་ནི་ཝཱ་རཱ་ཎ་སཱིར་འགྲོ། །གྲོང་ཁྱེར་གསལ་ལྡན་སོང་ནས་ནི། །ལོང་བ་ལྟ་བུའི་སེམས་ཅན་ལ། །མཚུངས་པ་མེད་པའི་འོད་བྱའོ། །