[A:65] ཞེས་པ་ལ་སོགས་པ་ང་རྒྱལ་གྱིས་ཞལ་གྱི་འཆེ་བ་དུ་མ་ཡང་གསུངས་ནས། རི་ག་ཡའི་མགོར་གཤེགས་པ་དང༌། ཀླུའི་རྒྱལ་པོ་ཤིང་རྟ་འཛིན་གྱིས་བཤོས་དྲངས་སོ།། དེ་ནས་ལྔ་སྡེ་ཅན་དུ་གཤེགས་པ་དང༌། དེ་དག་གིས་མཐོང་ནས་བརྙས་ཤིང་གོའུ་ཏ་མ་ཡོང་བ་ལ། ཉམས་པ། ལྷོད་པ། མང་དུ་ཟ་བ་དེ་བྱུང་གིས། བསུ་བ་དང༌། ལྡང་བ་དང༌། སྟན་འདིང་བ་ལ་སོགས་མི་བྱའོ། །ཞེས་ཁྲིམས་བཅས་པ་དང་ཐུབ་པའི་གཟི་བརྗིད་མ་བཟོད་དེ་ལངས་ནས་སྟན་བཤམས་ཏེ་ཚེ་དང་ལྡན་པ་གོའུ་ཏ་མ་ལེགས་པར་བྱོན་ཏམ་ཁྱོད་ཀྱིས་ཡེ་ཤེས་མངོན་དུ་བྱས་སམ་ཞེས་བརྗོད་པ་ན། དགེ་སློང་དག་ཁྱེད་དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་ཞེས་མ་བརྗོད་ཅིགཉམས་པ་དང་ལྷོད་པ་ཞེས་ཀྱང་མ་སེམས་ཤིག ང་ནི་ཟག་པ་ཟད་པའོ། །ང་ནི་ཐམས་ཅད་མཁྱེན་པའོ། །ང་ནི་ཐམས་ཅད་སྟོན་པའོ། །ཚུར་ཤོག་ལ་ལེགས་པར་ཉོན་ཅིག་དང༌། ངས་ཁྱེད་ལ་ཆོས་བསྟན་པར་བྱའོ། །ཞེས་གསུངས་མ་ཐག་ཏུ་དེ་དག་ལ་མུ་སྟེགས་ཀྱི་རྟགས་མེད་པར་སྐྲ་བྱི་སྟེ། ཆོས་གོས་ལྷུང་བཟེད་དང་ལྡན་པར་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོར་གྱུར་ཏེ། འཁོར་འདུས་པའི་དང་པོར་གྱུར་ཏོ། །དེ་ནས་ཕྱོགས་གང་དུ་སྔོན་གྱི་རྒྱལ་བ་དག་གིས་ཆོས་གསུངས་པ་དེར། རིན་པོ་ཆེའི་ཁྲི་སྟོང་བྱུང་བ་དང༌། འཁོར་བ་འཇིག་དང་གསེར་ཐུབ་དང༌།། འོད་སྲུངས་ཤཱཀྱའི་སྐྱེས་མཆོག་དང༌། །ཞེས་པས་སྔ་མ་གསུམ་གྱི་ཁྲི་ལ་བསྐོར་བ་མཛད་ནས། བཞི་པ་ལ་བག་ཚ་བ་མེད་པར་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པས་ཁྲི་གཞན་རྣམས་མི་སྣང་བར་གྱུར་པ་དང༌། ཉིད་ཀྱི་སྨིན་མཚམས་ནས་འོད་བཀྱེ་བ་ལས་སྒྲ་གྲགས་པ། དེ་ནི་ཐུགས་དམ་བརྟན་པ་སྟེ། །ཝཱ་རཱ་ཎ་སཱིར་རི་དྭགས་གནས། །གཤེགས་ཏེ་འཁོར་ལོ་བླ་ན་མེད། །ཤིན་ཏུ་རྨད་བྱུང་དཔལ་ལྡན་