R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 67
[A:67]གཉིས་ཀྱི་ཆོས་ཀྱི་འཁོར་ལོ། མུ་སྟེགས་བྱེད་དང་ཐུན་མོང་མ་ཡིན་པ། དུས་ལོ་བདུན་གྱི་བར་དུ་གསུངས་པས། དགོས་པ་གང་ཟག་ཏུ་འཛིན་པ་ལས་ལོག་ནས་ཕལ་ཆེར་འབྲས་བུ་བཞི་ལ་བཀོད་དོ། །དེ་ལྟར་རྣམ་པ་བཅུ་གཉིས་ཀྱིས། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །ཀཽཎྜི་ཎྱས་ཀུན་ཤེས་ཏེ། །དཀོན་མཆོག་གསུམ་པོ་མངོན་དུ་འགྲུབ། །ཅེས་སོ།། །། ༈ འཁོར་ལོ་གཉིས་པ་ནི། དེ་ནས་འཁོར་སྔ་མ་རྣམས་བཀྱེ་ནས། ལྟེང་རྒྱས་འོད་སྲུངས་རལ་པ་ཅན་ལོ་ཉི་ཤུ་ལོན་པ། དཀའ་ཐུབ་སྤྱོད་པ་དེ་བཏུལ་ན་མ་ག་དྷཱའི་སྐྱེ་བོ་རྣམས་ཚེགས་ཆུང་ངུས་འདུལ་བར་དགོངས་ནས། དེའི་བསྟི་གནས་སུ་གཤེགས་པ་དང༌། དགེ་སྦྱོང་ཆེན་པོ་བྱོན་པ་ལེགས་སོ་ཞེས་ཏེ། གདན་བཤམས་པ་ལ་བཞུགས་སོ། །དེ་ནས་འོད་སྲུངས་ལ་ཁྱོད་ཀྱི་མེ་ཁང་ཀླུ་གདུག་པ་ཅན་གནས་པ་དེར་ང་འདུག་གིས་གནང་བར་གྱིས་ཤིག་ཅེས་པ་དང༌། དགེ་སྦྱོང་ཆེན་པོ་ཅི་བདེ་བར་བཞུགས་ཤིག་ཅེས་ནས་དེར་མིའི་ཏིང་ངེ་འཛིན་ལ་ཞུགས་ཏེ། ཀླུ་བཏུལ་ནས་ལྷུང་བཟེད་དུ་བཅུག་སྟེ་བསྟན་པ་དང༌། དགེ་སྦྱོང་ཆེན་པོ་འདི་ནི་རྫུ་འཕྲུལ་དང་མཐུ་ཆེ་མོད་ཀྱི། བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་མེ་ཐབ་སྟོང་ལྔ་བརྒྱ་སྦར་བར་མ་ནུས་པ་སྦར་བ་དང༌། ཡང་བསད་པར་མ་ནུས་པ་བསད་པ་དང༌། རྒྱལ་པོ་བཞི་ལ་ཆོས་བཤད་པས་མེ་ཕུང་བཞིར་མཐོང་བ་དང་༑ ལྷའི་དབང་པོ་བརྒྱ་བྱིན་དེ་བས་ཀྱང་འབར་བ་དང༌། ཚངས་པ་ལ་དེ་བས་ཀྱང་ཆེར་འབར་བ་དང༌། ཁོས་མཆོད་སྦྱིན་ཞག་བདུན་པ་ཐུགས་ཀྱིས་མཁྱེན་ནས་སླར་ཡང་བཞུད་དེ་བྱོན་ནས། ཁོས་གདུགས་ཚོད་དྲངས་པའི་ཚེ་སྐད་ཅིག་ལ་ཤིང་ཛམ་བུའི་སྙེ་མ་དང༌། སྒྲ་མི་སྙན་གྱི་འབྲས་སཱ་ལུ་དང༌། ཡོངས་འདུ་ས་བརྟོལ་གྱི་