[A:71]འདས་ཀྱིས་ཁང་པ་དེ་ཤེལ་ལས་བྱས་པར་སྤྲུལ་ཏེ་ཆོས་གསུངས་པས། ཡབ་ཀྱིས་དེ་དག་མཐོང་ཞིང་ཐོས་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་དང༌། ཤཱཀྱ་བཟང་ལྡན་ལ་རྒྱལ་སྲིད་གཏད་དོ། །དེ་ནས་ཡབ་ཀྱིས་གདུགས་ཚོད་ལ་སྤྱན་དྲངས་ཏེ། ཤིང་ནྱ་གྲོ་ཏའི་ཀུན་དགའ་ར་བ་ཕུལ་བ་དང་འདི་སྙམ་དུ་བཅོམ་ལྡན་འདས་ཀྱི་འཁོར་འདི་སྤྱོད་ལམ་མཛེས་ཀྱང་གཟུགས་མི་མཛེས་པས་ཤཱཀྱའི་འཁོར་མཛེས་སྙམ་ནས། ཤཱཀྱ་རྣམས་ལ་ཁྱིམ་རེ་རེ་ནས་མི་རེ་རེ་རབ་ཏུ་བྱུང་ཞིག་ཅེས་བསྒོ་བ་དང་ཤཱཀྱ་བཟང་ལྡན་ལ་སོགས་པ་ལྔ་བརྒྱ་སྐྲ་དང་ཁ་སྤུ་འབྲེག་མཁན་རིགས་ངན་ཉེ་བ་འཁོར་གྱིས་བྲེགས་པ་ལ་རྒྱན་རྣམས་བྱིན་པ་དང༌། བདག་ནི་རིགས་ངན་པས་རབ་ཏུ་བྱུང་བའི་སྐལ་བ་མེད་དོ་སྙམ་པ་ལ། ཤཱ་རིའི་བུས། ཐུབ་པའི་གསུང་རབ་ནི་རིགས་དང༌། བརྒྱུད་དང་ཐོས་པ་གཙོ་བོ་མ་ཡིན་ནོ། །ཞེས་ཏེ་ཁྲིད་ནས་ཕྱིན་པ་དང༌། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཚུར་ཤོག་ལ་ཚངས་པར་སྤྱད་པ་སྤྱོད་ཅིག ཅེས་གསུངས་པས་དགེ་སློང་དུ་གྱུར་ཏོ། །དེའི་ཚེ་ཤཱཀྱ་ལྔ་བརྒྱ་བསྙེན་པར་རྫོགས་ཏེ། ཐམས་ཅད་ཀྱིས་ཉེ་བ་འཁོར་གྱི་རྐང་པ་ལ་གཏུགས་ཤིང་ལྷས་བྱིན་གྱིས་སངས་རྒྱས་ཀྱི་གསུང་བཅག་ནས་མ་བཏུད་དོ། །དེ་ནས་ཤཱཀྱ་རྣམས་ཀྱིས་ཐོག་མར་རིགས་བརྒྱུད་གང་ཡིན་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་མོའུ་འགལ་བསྐུལ་ཏེ་དེས་སྨྲས་པ། གོའུ་ཏ་མ་རྣམས་སྔོན་འཇིག་རྟེན་ཆགས་པ་ན་འོད་གསལ་གྱི་ལྷ་ཚེ་དང་བསོད་ནམས་ཟད་པ་རྣམས་འདིར་སྐྱེས་ཏེ། ཉི་ཟླ་གཟའ་སྐར་དང་ཕོ་མོ་དང་མི་དགེ་བ་བཅུ་ཡང་མེད་པ་ན། སའི་བཅུད་སྦྲང་རྩི་ལྟར་མངར་བ་ཟོས་པས་ལུས་ལྕི་ཞིང་མུན་པ་བྱུང་བས་ཉི་ཟླ་གཟའ་སྐར་བྱུང་ངོ་༑ ༑ཟས་ཀྱིས་ལུས་ཀྱི་ཁ་དོག་རྒྱས་ཏེ་དེའི་ང་རྒྱལ་གྱིས་སའི་བཅུད་ནུབ་ཅིང་