R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 75
[A:75]ཅད་ཡོད། །དམ་པའི་དོན་དུ་ཡོད་མ་ཡིན། །ཆོས་རྣམས་ངོ་བོ་ཉིད་མེད་པ། །ཞེས་པ་ལ་སོགས་པ་དོན་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་ལོ་སུམ་ཅུའི་བར་དུ་གསུངས་པས། དགོས་པ་ཡོད་མེད་དམ་རྟག་ཆད་ཀྱི་ལྟ་བ་བསལ་ནས་ལ་ལ་སེམས་ཙམ་དང༌། ལ་ལ་དབུ་མའི་ལམ་ལ་བཀོད་དེ། རྒྱ་ཆེ་རོལ་པ་ལས། ཡོད་དང་མེད་ལས་རྣམ་གྲོལ་བས། །བདག་དང་བདག་མེད་རྣམ་སྤངས་པ། །རང་བཞིན་མ་སྐྱེས་བསྟན་པ་ནི། །ཆོས་ཀྱི་འཁོར་ལོ་འདི་བརྗོད་དོ། །ཞེས་སོ། ། གསུམ་པ་རྩོད་པ་སྤོང་བ་ནི། གལ་ཏེ་བཀའ་དང་པོས་ཡོད་པར་དང་གཉིས་པས་མེད་པར་གསུངས་པས་འགལ་ལོ་ཞེ་ན། དེ་ལ་སེམས་ཙམ་པས་ནི་དང་པོས་ཀུན་རྫོབ་གཞན་དབང་ཡོད་པ་དང༌། བར་པས་ཀུན་བཏགས་གཟུང་འཛིན་གཉིས་མེད་ལ་དགོངས་པ་ཅན་ཡིན་ལ། ཐ་མ་ནི་ཡོངས་གྲུབ་དོན་དམ་སྟོན་པས་ངེས་དོན་ནོ་ཞེས་འཆད་དོ། །དབུ་མ་པས་ནི་དང་པོས་ཀུན་རྫོབ་ཏུ་དོན་མེད་པའི་ལོག་རྟོག་དང༌། གསུམ་པས་སེམས་མེད་པའི་ལོག་རྟོག་དགག་པའི་ཕྱིར་གསུངས་པས་དྲང་དོན་ཡིན་ལ། བར་པས་ཡོད་མེད་དམ་རྟག་ཆད་ཀྱི་མཐའ་དང་བྲལ་བར་སྟོན་པས་ངེས་དོན་ནོ་ཞེས་ཟེར་རོ། །དོན་ནི་མཐའ་མའི་མདོ་ལངྐར་གཤེགས་པ་ལ་སོགས་པ་དང་བཀའ་དང་པོ་དྲང་དོན་ཡིན་ཏེ། རྟོག་གེ་འབར་བ་ལས། མདོ་ལས་སེམས་ཙམ་གསུངས་པ་ཡང༌། །བྱེད་པོ་ཟ་པོ་དགག་ཕྱིར་རོ། །ཞེས་སོ། །ཡང་ཐ་མའི་མདོ་ཏིང་ངེ་འཛིན་རྒྱལ་པོ་ལ་སོགས་པ་བར་པ་ནི་ངེས་དོན་ཡིན་ཏེ། ལངྐར་གཤེགས་པ་ལས། བློ་གྲོས་ཆེན་པོ་རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གསུངས་སོ། །ཞེས་སོ། །དེ་ལྟར་ན་གཉིས་ཀ་ཡང་ལེགས་པར་བཤད་པར་འགྱུར་རོ། །དེ་ཡང་འཁོར་ལོ་གསུམ་རིམ་གྱིས་