R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 77
[A:77]བཞིན་དུ་བྱས་པས་རབ་བཟངས་བསྙེན་པར་རྫོགས་ནས་འདི་སྐད་ཅེས། དགེ་སློང་དག་ན་རེ། བདེ་སྡུག་ཐམས་ཅད་ལས་ཡིན་ཏེ་ཚུལ་ཁྲིམས་ཀྱིས་མྱ་ངན་ལས་འདས་པ་འཐོབ་བོ་ཞེ་ན་དེ་ལྟར་ངེས་སམ། བཀའ་སྩལ་པ། ཐམས་ཅད་སྔོན་གྱི་ལས་མ་ཡིན་ཏེ་རྒྱལ་པོ་བསད་པས་ནོར་ཐོབ་པའམ་རྒྱལ་པོའི་བུ་བསད་རང་ཉམས་པ་ལ་སོགས་པ་རྐྱེན་གྱིས་ཡིན་ནོ། །ལས་ཟད་པས་ཟད་པར་མི་འགྱུར་ཏེ། ལམ་བསྒོམས་པས་ཟད་པར་འགྱུར་རོ། །དེའི་ཕྱིར་སྔར་སེམས་གདུལ་ལོ། །ཞེས་སོགས་དང༌། སྟོང་ཉིད་གསུངས་པས་དགྲ་བཅོམ་པ་ཐོབ་ནས་མི་འདའ་བར་ཞུས་པས་མ་གནང་ངོ༌། །དེའི་ཚེ་ཀུན་དགའ་བོ་ང་མྱ་ངན་ལས་འདས་ནས་ཁྱོད་ཀྱིས་དམ་པའི་ཆོས་ཟུངས་ཤིག་ཅེས་གདམས་ཏེ། འཁོར་རྣམས་ལ་སྐུའི་དཀྱིལ་འཁོར་བསྟན་ནས་སྤྲོས་པ་དང་བྲལ་བའི་ཆོས་གསུངས་སོ། །དེ་ནས་ཀུན་དགའ་བོས་སྟོན་པ་གཤེགས་ན། བདག་ཅག་གི་སྟོན་པ་ནི་སུ། གནས་ནི་གང༌། དྲུག་སྡེ་ནི་ཇི་ལྟར་འདུལ། ཆོས་ནི་ཇི་ལྟར་བསྡུ་ཞེས་ཞུས་པ་དང༌། སངས་རྒྱས་ཀྱིས། ཁྱོད་ཀྱི་སྟོན་པ་ནི་ཚུལ་ཁྲིམས་དང༌། གནས་དྲན་པ་ཉེར་བཞག་ལ་གྱིས། དྲུག་སྡེ་བསླབ་པ་འཆའ་བའི་ཡན་ལག་ཏུ་སྤྲུལ་པ་ཡིན་པས་གདུལ་མི་དགོས། ལྷ་སྦྱིན་ཡང་ཐུབ་པའི་ཆེ་བ་འབྱིན་ཐབས་ཡིན། ཆོས་བསྡུ་བ་ནི་གླེང་སློང་དྲིས་ལན་དང༌། མཚམས་སྦྱོར་གྱི་ཚིག་ལ་སོགས་པ་ཆུག་ལ་བསྡུས་ཤིག་ཅེས་གསུངས་སོ། །དེ་ལྟར་འཁོར་ལོ་གསུམ་གྱིས་ཀུན་ཤེས་ཀཽཎྜི་ཎྱ་ནས་ཀུན་ཏུ་རྒྱུ་རབ་བཟངས་ལ་ཐུག་གི་བར་ལ་གདུལ་བྱ་རིགས་ཅན་གསུམ་རྒྱུའི་ཐེག་པ་ལམ་གསུམ་གྱིས་འབྲས་བུ་བྱང་ཆུབ་ལ་བཀོད་དེ། དེའི་སྐལ་བ་མེད་པ་རྣམས་མངོན་མཐོའི་བདེ་བ་ལ་བཀོད་ཅིང༌། དེའི་སྐལ་བ་མེད་པ་ཡང་ལོང་བས་གཟུགས་མཐོང་བ་སོགས། མཐོང་ཆོས་ཀྱི་བདེ་བ་