R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 82
[A:82]འཁོར་ལོ་མུ་སྟེགས་པས་མ་ཟློག་གམ་ཞེས་པ་ལ། གང་པོས། བློ་ལྡན་བསྟན་པ་གནས་བྱའི་ཕྱིར། །ཉན་ཐོས་དགེ་འདུན་ཚོགས་ནས་ནི། །དེ་དག་དེར་ནི་འདུས་གྱུར་ཏེ། ཁྱོད་ལ་འདོད་ཅིང་དོན་བརྩོན་བྱེད། །གྲུ་ཆེན་རྒྱལ་པོ་དེ་ཞིག་སྟེ། །ཡེ་ཤེས་རི་ཡང་རྣམ་པར་ཉིལ། །བསྟན་པ་རབ་མཆོག་ལྡན་པ་ཡི། །དགེ་སློང་མང་པོ་རྣམས་ཀྱང་ཞི། །གྱི་ན་མ་ལགས་ངེས་པར་ནི། །བདག་ནི་ཕོ་ཉར་འདིར་འོངས་ན།། བསྟན་པ་གནས་པར་བྱ་བའི་ཕྱིར། །དེ་བས་ཁྱོད་ནི་མྱུར་དུ་བཞུད། །ཅེས་པ་དང༌། བ་གླང་བདག་གིས། འགྲོ་བའི་སྒྲོན་མེ་མགོན་པོ་བཞུགས་ན་དེར། ། བདག་ནི་འགྲོ་བར་བྱ་བའི་བློ་ཡོད་ཀྱང༌། །དེ་ནི་རབ་ཞི་ཕ་རོལ་གཤེགས་གྱུར་ན། ། བློ་ལྡན་གང་ཞིག་འཇིག་རྟེན་དེ་དག་འགྲོ། །ཆོས་གོས་ལྷུང་བཟེད་རྣམ་གསུམ་མཆོག་འདི་དག ཁྱོད་ཀྱིས་དགེ་འདུན་རྣམས་ལ་དབུལ་བར་གྱིས། །བདག་ནི་ཞི་བ་ཡང་སྲིད་མེད་པར་འགྲོ། །བདག་གི་ཉེས་པ་འཕགས་པས་བཟོད་པར་གསོལ།། ཞེས་ཏེ་ལུས་ཡེ་ཤེས་ཀྱི་མེས་བསྲེགས་ཏེ་འདས་པ་དང༌། མེ་དེ་བསིལ་བར་བྱེད་པའི་ཆུ་བོའི་རྒྱུན་བཞི་ལས་ཆོས་ཀྱི་སྡོམ་བཞི་འཛིན་པའི་ཚིགས་སུ་བཅད་པ་བཞི་བྱུང་སྟེ། ད་ལྟར་དུས་རྣམས་ངན་གྱུར་ཏེ། །སེམས་ཅན་སོ་སོའི་ལས་ལ་བརྟེན། ། འགྲོ་བ་ཀུན་འཇུག་མཁྱེན་པ་ཡི། །སྐྱེ་བོའི་སྒྲོན་མ་རབ་ཏུ་ནུབ། །འདུས་བྱས་ཕུང་པོ་སྐད་ཅིག་འཇིག་འགྱུར་ཏེ། །སྐྱེ་ལ་སོགས་པའི་སྡུག་བསྔལ་ཉོན་མོངས་ལྡན། ། སོ་སོའི་སྐྱེ་བོ་བདག་ཏུ་ཉོན་མོངས་ཏེ། །སུ་ཡིས་ཀྱང་ནི་བྱས་པ་མེད་པའོ། ། མཁས་པས་རྟག་ཏུ་བག་ཡོད་པ་རུ་བྱེད། །ཡིད་ཀྱིས་བསོད་ནམས་དག་ནི་རབ་ཏུ་བྱ། །འབྱུང་པོ་རྣམས་ཀྱིས་བསགས་པའི་མཐའ་འཇིག་ཅིང༌། །སྲོག་དང་བཅས་པའི་དཔལ་ནི་གཡོས་པར་འགྱུར། །ཐུབ་པ་དེ་ལ་བློ་མཆོག་ཡང་དག་འདུད། །