[A:83] བདག་གིས་དགོངས་པ་མ་ལུས་ཀུན་གྱིས་སོ། །དད་ཅིང་རབ་ཏུ་གུས་པས་བླ་མ་དེའི༑ ༑ཕྱི་བཞིན་བ་གླང་བདག་ཀྱང་དེ་ལྟར་སོང༌། །ཞེས་སོ། །དེ་ནས་གང་པོས་རིང་བསྲེལ་དང༌། ཆོས་གོས་དང་ལྷུང་བཟེད་བསྡུས་ནས་འོད་སྲུངས་ལ་སོགས་པ་ལ་ཕུལ་ཏེ། མགོན་པོའི་སྐུ་ནི་མེད་པར་དེས་ཐོས་ནས། །བསོད་ནམས་ལས་ཀྱིས་ཞི་བར་རབ་ཏུ་སོང༌། །དེ་ཡི་ཆོས་གོས་ལྷུང་བཟེད་འདི་ཡིན་ཏེ། །དེས་བསམ་དགེ་འདུན་རྣམས་ལ་བཟོད་པར་གསོལ། །ཞེས་པ་དང༌། འོད་སྲུངས་ཀྱིས། ཤིརྴའི་གྲོང་མཆོག་བ་གླང་བདག །བསོད་ནམས་ལས་ཀྱིས་ཞིར་གྱུར་པ། ཁྱེད་ཅག་དེ་བཞིན་བསམ་མི་བྱ། །འདུས་ཏེ་འགྲོ་དོན་ཕྱིར་བླངས་བྱ། །ཞེས་གསུངས་ནས་ཀུན་དགའ་བོ་སོ་སོའི་སྐྱེ་བོ་ཡིན་ཀྱང་མདོ་སྡེ་གཏད་པས་ཆུའི་ཞལ་ཏ་བར་བཅུག་གོ ༑དེའི་ཚེ་མ་སྐྱེས་དགྲས་འོད་སྲུངས་ལ་སྨྲས་པ། ཐུབ་པས་ནི་བདག་མ་སྦྲན་ན་ཁྱོད་འདའ་བའི་ཚེ་སྦྲོན་ཅིག ཅེས་སོ། །དེ་ནས་འོད་སྲུངས་ཀྱིས་མཉམ་པར་བཞག་ནས་གཟིགས་པས་ཀུན་དགའ་བོ་ལ་དགྲ་བཅོམ་པའི་སྐལ་པ་ཡོད་ཅིང་སྐྱོ་བས་འདུལ་བར་མཁྱེན་ཏེ། དགེ་སློང་གི་དགེ་འདུན་གངས་ཀྱི་གླང་པོ་ལྟར་གནས་པ་རྣམས་ཀྱི་ནང་ན། ཁྱོད་འདོད་ཆགས་ཀྱི་རྡུལ་ལ་གནས་པ་སྡོད་པར་མི་འོས་པས་སོང་ཞིག ཅེས་པ་དང༌། ཀུན་དགའ་བོས་བསམ་པ། ཁྱེའུ་བཞིའི་ཏིང་ངེ་འཛིན་གྱི་མདོ་ལས། སྒྲ་གཅན་འཛིན་འདི་ང་ཡི་བུ།།ཀུན་དགའ་བོ་ནི་གོ་རེ་ལོང༌།། འདི་གཉིས་དྲང་སྲོང་ཆེ་རྣམས་ལ། །མངོན་སུམ་དུ་ནི་ཡོངས་སུ་གཏད། །ཅེས་པས་བདག་ཅག་གཉིས་གཉེར་གཏད་ཀྱང་དེ་མི་བྱེད་པར་སྐྲོད་པ་སྙམ་སྟེ། བདག་གི་ལྟ་བ་དང་ཚུལ་ཁྲིམས་ཀྱང་མ་ཉམས་ན་ཅིའི་ཕྱིར་སྐྲོད་ཅེས་པ་དང༌། ཁྱོད་ཆོས་ཀྱི་རྒྱལ་པོའི་ཞབས་འབྲིང་ལྟ་བ་དང༌། ཚུལ་ཁྲིམས་མ་ཉམས་པ་ལ་ངོ་མཚར་བ་ཅི་