R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 84
[A:84]ཡོད༑ ཁྱོད་ཀྱིས་བུད་མེད་རབ་ཏུ་འབྱིན་པའི་གསོལ་བ་བཏབ་པས་ལྔ་བརྒྱ་ཕྲག་གཅིག་རྟགས་ཙམ་འཛིན་པར་གྱུར་པ་དང༌།
སྲུ་སྐྱེ་རྒུའི་བདག་མོ་ནི་བཅོམ་ལྡན་འདས་ཀྱི་ཡུམ་གྱི་དོད་ཡིན་པས་དྲིན་ཆེ་བའི་ཕྱིར་རོ།
བདུད་ཀྱིས་མྱ་ངན་ལས་འདའ་བར་གསོལ་བ་བཏབ་པ་ན་ཁྱོད་ལ་ལན་གསུམ་དུ་དྲིས་ཀྱང་ལན་མ་བྱུང་བས་འདས་པ་དང་
དེའི་ཚེ་ཁོ་བོ་བདུད་ཀྱིས་བྱིན་གྱིས་བརླབས་པས་མ་ཐོས་སོ།
བཅོམ་ལྡན་འདས་ཀྱིས་ཕུང་པོ་ལ་མཁས་པའི་དྲི་བ་དྲིས་པ་ན། ཁམས་ལ་མཁས་པས་ལན་བཏབ་པ་དང༌། ན་བཟའ་དྲུབས་པ་ན་རྡོག་པས་བརྫིས་པ་དང༌། ཞལ་སྐྱེམས་པ་ན་ཆུ་རྙོག་མ་ཅན་དྲངས་པ་དང༌། བསླབ་པ་ནི་ཕྲན་ཚེགས་ལ་བག་ཡངས་བྱར་ཡོད་ཀྱིས་དྲིས་ཤིག་གསུངས་པ་ལ་མ་དྲིས་པས་ད་ལྟ་རྩོད་པ་དང་བཅས་པ་དང༌། བཅོམ་ལྡན་འདས་ཀྱི་སྐུ་གསེར་གྱི་ཁ་དོག་ལྟ་བུ་མཆི་མས་དྲི་མ་ཅན་དུ་བྱས་པ་དང༌། ཐུབ་པའི་གསང་གནས་སྦུབས་སུ་ནུབ་པ་བུད་མེད་དང་སྤྱོད་པ་དམན་པ་ལ་བསྟན་ཏོ་ཞེས་སྤྱོ་བ་བརྒྱད་བྱས་ཏེ་བསྐྲད་པ་ན། མ་འགགས་པས་སྨྲས་པ་ཀུན་དགའ་བོ་མེད་ན་ཇི་ལྟར་བཤད་པར་བྱ། འོད་སྲུངས་ཀྱིས་སྨྲས་པ། ཡོན་ཏན་དང་ལྡན་མོད་དེ་དང་ལྷན་ཅིག་ཏུ་མི་གནས་སོ། །དེ་ནས་འོད་སྲུངས་ཀྱིས་ཁྱོད་དགྲ་བཅོམ་པ་ཐོབ་པ་ན་འདིར་ཤོག་ཅིག་ཅེས་པ་དང༌། ཀུན་དགའ་བོས་དགེ་འདུན་ལ་ཕྱག་བཙལ་ཏེ། ཡུལ་བྲྀཛིའི་གྲོང་ཁྱེར་དུ་སོང་ནས་དབྱར་དེ་ཚུལ་བཞུགས་ཏེ། ཁྱིམ་བདག་གི་བུ་བཞི་རབ་ཏུ་ཕྱུང་བས་དགྲ་བཅོམ་པ་ཐོབ་པ་དང༌། དེ་དག་གིས་མཁན་པོ་ལ་དགྲ་བཅོམ་པའི་སྐལ་པ་ཡོད་པར་མཐོང་ནས། གོའུ་ཏམ་ཁྱོད་ནི་བག་མེད་མ་མཛད་པར༑ ༑ཤིང་དྲུང་འཐིབས་པོ་བརྟེན་ནས་མྱ་ངན་འདའ། །ཐུགས་ལ་བཞག་སྟེ་བསམ་གཏན་མཛོད་ཅིག་དང༌། །རིང་པོར་མི་ཐོགས་ཞི་བའི་གནས་ཐོབ་འགྱུར། །