R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 85
[A:85] ཞེས་བསྐུལ་བ་དང༌། དེ་གསན་ནས་ཞག་བདུན་མཉམ་པར་བཞག་པས་དགྲ་བཅོམ་པ་ཐོབ་སྟེ་ནམ་མཁའ་ལ་གཤེགས་པ་དང་འོད་སྲུངས་ལ་སོགས་པས་བསུ་བ་བྱས་སོ། །དེ་ནས་ཤིང་ནྱ་གྲོ་དྷའི་ཕུག་དབེན་ཞིང་ཉམས་དགའ་བར། རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་མཛད་ནས། འོད་སྲུངས་ལ་སོགས་པའི་དགྲ་བཅོམ་པ་ལྔ་བརྒྱ་འཚོགས་ཏེ། ཆོས་གོས་བཞི་བརྒྱ་དགུ་བཅུ་རྩ་དགུ་བཏིང་བའི་སེང་གེའི་ཁྲི་ལ་ཀུན་དགའ་བོ་བཞུགས་སུ་གསོལ་ཏེ། འོད་སྲུངས་ཀྱིས་ཐལ་མོ་སྦྱར་བས། སྟོན་པ་འཇིག་རྟེན་ཕན་བཞེད་པ། །རྒྱལ་བས་གསུངས་པའི་ཆོས་རྣམས་ཀྱི། ། རྣམ་པ་མཆོག་ནི་གང་བཤད་པ། །ཚེ་དང་ལྡན་པས་མདོ་སྡེ་གསུངས། །ཞེས་གསོལ་བ་དང༌། ལྷ་དག་གིས་ཚིགས་སུ་བཅད་པ། འཕགས་པ་འདི་ཡང་དོགས་མེད་པར། །སེང་གེའི་སྒྲ་བཞིན་ཆོས་ཀྱང་འཆད། །ཞི་བའི་ཆོས་འདི་བཤད་པ་ལ།། དད་པས་ཆོས་ནི་ཉན་པར་གྱིས། །ཞེས་སོ། །དེ་ནས་ཀུན་དགའ་བོས་མཉམ་པར་བཞག་པས་ཐམས་ཅད་དྲན་པར་གྱུར་ཏེ། དད་པ་དང་གུས་པ་དང་སྙིང་རྗེ་ཆེན་པོས་སེམས་རྩེ་གཅིག་ཏུ་བྱས་ཏེ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་རྒྱུ་བའི་ཚལ་ན་བཞུགས་ཏེ༑ ཞེས་པ་ལ་སོགས་པ་བདེན་པ་བཞིའི་ཆོས་ལན་གསུམ་དུ་བཟླས་ཏེ། ཐ་མ་གང་ལས་འཕྲཽས་ནས་ཡུལ་གང་དུ། གང་ཟག་གང་ལ་བསྟན་པ་ཐམས་ཅད་ཞལ་ཐོན་དུ་མཛད་ནས་བསྡུས་པ་འོད་སྲུངས་ཆེན་པོས་ལུང་འདི་སྙེད་ཅིག་སྟེ་འདི་ལས་ལྷག་པ་མེད་དོ། །ཞེས་གསུངས་ནས་ཁྲི་ལས་བབས་པ་དང༌། ལྷས་ཚིགས་སུ་བཅད་པ། གང་ལ་བདག་གིས་སྔོན་ཐོས་པ། །ཆོས་ནི་ཐར་པའི་བདེ་བ་བྱེད། ། འདི་སྐད་ཐོས་ཞེས་སྦྱོར་བ་དང༌། །དེ་ཡང་དེ་རིང་བསྒྲགས་པ་ཡིན། །ཞེས་སོ། །