[A:86] དེའི་རྗེས་ལ་འཕགས་པ་ཉེ་བ་འཁོར་བཞུགས་པ་ལ། འོད་སྲུངས་ཀྱིས་སྔ་མ་བཞིན་དུ་ཞུས་པ་དང༌། དེས་ཀྱང་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གཉན་ཡོད་ན་བཞུགས་ཏེ། ཞེས་པ་ནས། ཤམ་ཐབས་ཟླུམ་པོ་དང་ཆོས་གོས་ཟླུམ་པོ་དང༌། ཕམ་པ་ལས་འཕྲོས་པ། དུས་གང་གི་ཚེ། ཡུལ་གང་དུ༑ གང་ཟག་གང་ལ། ཆོས་གང་གསུངས་པའི་གདུལ་བྱར་གཏོགས་པའི་འདུལ་བ་ཐམས་ཅད་བསྡུས་ཏེ། སྔ་མ་བཞིན་དུ་བབས་སོ། །དེའི་རྗེས་ལ་འོད་སྲུངས་ཀྱིས་དགེ་སློང་དག བཅོམ་ལྡན་འདས་ཀྱིས་གསུངས་པའི་མ་མོ་གང་ཡིན་པ་དེ་ནི་བདག་ཉིད་ཀྱིས་བསྡུ་བར་བྱའོ། །ཞེས་ཁྲི་དེ་ཉིད་ལ་བཞུགས་ནས། དུས་གང་གི་ཚེ༑ ཡུལ་གང་དུ། གང་ཟག་གང་ལ། ཆོས་གང་གསུངས་པའི་མངོན་པ་ཐམས་ཅད་བསྡུས་པ་དང༌། ཀུན་ཤེས་ཀཽཎྜི་ཎྱ་ལ་སོགས་པས་བསྔགས་སོ། །དེའི་ཚེ་འོད་སྲུངས་ཀྱིས། ཀྱེ་མ་སྟོབས་བཅུ་མངའ་བའི་གསུང་ནི་ཚད་མེད་པའི། །འགྲོ་ལ་ཕན་ཕྱིར་ཆོས་ཀྱི་བསྟན་བཅོས་འདི་བསྡུས་པས། །གང་ན་འཇིག་རྟེན་བློ་ངན་མུན་བྱེད་ཆུད་ཟོས་པ། །བློ་གྲོས་རབ་རིབ་བསལ་ནས་སྒྲོན་མེར་ཡང་དག་བསྟན། ། བདག་གིས་ཐུབ་པའི་སྡེ་སྣོད་ལ། །ཡང་དག་བསྡུས་ནས་ཆོས་ལ་བཞག །གཅིག་ནས་གཅིག་ཏུ་ཡུན་རིང་བར། །སྟོན་པའི་བསྟན་པ་གནས་གྱུར་ཅིག །ཅེས་གསུངས་ནས་སླར་ཡང་འདི་སྐད་ཅེས། ཀུན་དགའ་བོ་ཤེས་པར་གྱིས་ཤིགབཅོམ་ལྡན་འདས་ཀྱིས་བསྟན་པ་ང་ལ་གཏད་དོ། །ངས་ཀྱང་ཁྱོད་ལ་གཏད་དོ། ཁྱོད་ཀྱིས་རྒྱལ་པོའི་ཁབ་ན་དེད་དཔོན་ཞིག་གི་བུ་ཤ་ནའི་གོས་ཀྱིས་གཡོགས་པ་ཞིག་རྒྱ་མཚོ་ལས་ལོག་ནས་ཐུབ་པའི་བསྟན་པ་ལོ་ལྔའི་དུས་སྟོན་བྱེད་པས་དེ་ལ་གཏོད་ཅིག་ཅེས་པ་ནས་མ་སྐྱེས་དགྲ་ན་བས་གཉིད་དུ་སོང་ངོ༌། །དེ་ནས་བདག་