[A:87]ཉིད་རི་བྱ་རྐང་ཅན་ལ་འཛེགས་ཏེ་རི་གསུམ་གྱི་དབུས་སུ་རྩྭ་བཏིང་ནས་གོས་ཕྱག་དར་ཁྲོད་ཀྱི་གོས་གྱོན་ཏེ། བདག་གི་ལུས་རི་གསུམ་གྱིས་གཡོགས་ལ་མ་སྐྱེས་དགྲ་འོངས་ནས་སྒོ་ཕྱེ་སྟེ་བྱམས་པའི་བསྟན་པ་མ་རྒྱས་ཀྱི་བར་དུ་བྱིན་གྱིས་བརླབས་པར་གྱུར་ཅིག་ཅེས་བརྗོད་ནས་མྱ་ངན་ལས་འདས་སོ། །དེའི་ཚེ་མ་སྐྱེས་དགྲ་གཉིད་སད་པ་དང་ཀུན་དགའ་བོས་ཁྲིད་དོ། །འོད་སྲུངས་ཀྱི་སྤུར་བསྟན་པ་ན་རྒྱལ་པོས་འདི་ཞུགས་ལ་བཞེན་པར་བགྱིའོ་ཞེས་པ་ལ། འདི་ནི་བྱམས་པའི་གསུང་རབ་བྱུང་གི་བར་དུ་བྱིན་གྱིས་བརླབས་ཏེ་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་སྦྱངས་པའི་ཡོན་ཏན་བླངས་ནས་དགྲ་བཅོམ་པ་མངོན་སུམ་དུ་བྱེད་དོ། ། ཞེས་སོ། །དེ་ནས་མ་སྐྱེས་དགྲས་སྨྲས་པ། ཀུན་དགའ་བོ་འོད་སྲུངས་ཀྱིས་བདག་མ་སྦྲན་པས་ཁྱོད་འདའ་བའི་ཚེ་བདག་སྦྲོན་ཅིག་ཅེས་སོ། །དེ་ནས་ཤ་ནའི་གོས་ཅན་རྒྱ་མཚོ་ལས་ལོག་ནས། ཀུན་དགའ་བོ་འོད་མའི་ཚལ་ན་བཞུགས་པ་ལ་ཕྱག་འཚལ་དེ། བདག་ལོ་ལྔའི་དུས་སྟོན་བགྱིད་པར་འཚལ་ན། བཅོམ་ལྡན་འདས་གང་ན་བཞུགས་ཞེས་པ་ལ་དེ་འདས་སོ་ཞེས་བརྗོད་པས། བརྒྱལ་ཏེ་བརྒྱལ་སངས་པ་ན་ལོ་ལྔའི་དུས་སྟོན་བྱས་ནས་རབ་ཏུ་བྱུང་སྟེ་ཆོས་ཐམས་ཅད་ཁོང་དུ་ཆུད་པར་གྱུར་ཏོ། །དེའི་ཚེ་ཁ་ཅིག་གིས། ཀུན་དགའ་བོ་ཡང་རྒས་པར་གྱུར། དེའི་དྲན་པ་ཡང་ཉམས་པར་གྱུར་ཞེས་བརྗོད་པ་ཀུན་དགའ་བོས་གསན་པ་དང༌། ཡ་རབས་དེ་དག་སྔར་འདས་ཏེ། །གསར་བུ་དེ་དང་བདག་མི་མཐུན། །བདག་ནི་གཅིག་པུ་བསམ་གཏན་ལ། །སྒོ་ང་ལས་སྐྱེས་བཞིན་དུ་གནས། །ཞེས་ཏེ་ཤ་ནའི་གོས་ཅན་ཤེས་པར་གྱིས་ཤིག འོད་སྲུངས་ཀྱིས་ང་ལ་བསྟན་པ་གཏད་དོ། །ངས་ཁྱོད་ལ་གཏད་དོ། ཁྱོད་ཀྱིས་ཡུལ་བཅོམ་བརླག་ནས་སྤོས་ཚོང་སྦས་པའི་བུ་ཉེར་