R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 89
[A:89]མེད་ཀྱིས་སྦྱིན་བདག་བྱས་ནས་ཐམས་ཅད་འདོད་པ་ལ་སོགས་པ་དགྲ་བཅོམ་པ་བདུན་བརྒྱ་འདུས་ནས་ཞལ་འདོན་དུ་མཛད་པས་བསྡུས་ཏེ། ཐམས་ཅད་ཀྱང་ཀུན་དགའ་བོའི་མཁན་བུ་ཤ་སྟག་གོ །བསྡུ་བ་གསུམ་པ་ནི་གྲོང་ཁྱེར་མ་ཧུ་རི་ཞེས་བྱ་བའི་ཚོང་དཔོན་ཞིག་རིགས་ཉམས་པ་ན་བུ་བཙས་ཏེ། མཧཱ་དེ་བ་ཞེས་བཏགས་པ་ན་དེ་ནས་(ཕ་)ཚོང་ལ་སོང་བའི་འོག་ཏུ་མ་ལ་མི་རིགས་པ་སྤྱད་དེ་ཕ་འོངས་པ་ན། ཕ་ལ་དུག་བཏང་ནས་བསད་པ་དགྲ་བཅོམ་པ་ཞིག་གིས་གཟིགས་པས་ན། དེ་ཡང་བསད་དོ། །ཡང་མས་གཞན་དང་མི་རིགས་པ་སྤྱད་པས་མ་བསད་དོ། །མཚམས་མེད་པ་གསུམ་བྱས་པས་འགྱོད་པ་སྐྱེས་ཏེ་སྡེ་སྣོད་གསུམ་ལ་མཁས་པར་གྱུར་པ་དང༌། ཉན་ཐོས་རྩ་བའི་སྡེ་པ་བཞི་ལས་བཅོ་བརྒྱད་དུ་གྱེས་ཏེ། སྡེ་པ་ཐ་དད་པའི་འཁོར་ལོ་ལས། ཤར་དང་ནུབ་དང་གངས་རི་དང༌། །འཇིག་རྟེན་འདས་པར་སྨྲ་བ་དང༌། །རྟག་པར་སྨྲ་བའི་སྡེ་པ་རྣམས། །ལྔ་ཚན་དགེ་འདུན་ཕལ་ཆེན་ཏེ། །བཞི་པ་དང་ནི་འོད་སྲུངས་དང༌། །ས་སྟོན་དག་ནི་ཆོས་སྲུང་དང༌། །མང་ཐོས་གོས་དམར་སློབ་མ་དང༌། །རྣམ་པར་ཕྱེ་སྟེ་སྨྲ་བ་རྣམས། །ཐམས་ཅད་ཡོད་པར་སྨྲ་བའི་སྡེ། །རྒྱལ་བྱེད་ཚལ་ན་འཇིགས་བྱེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །སར་སྒྲོགས་རི་དང་སྲུང་བ་པ། །གནས་མ་བུ་ཡི་སྡེ་པ་རྣམས། ། ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་གྱུར། །ཞེས་སོ། །མདོར་ན་སོ་སོའི་ཆོས་ལ་སྒྲོ་སྐུར་ཞུགས་པ་བསལ་བའི་ཕྱིར། སངས་རྒྱས་འདས་ནས་ལོ་སུམ་བརྒྱ་ན་ཁ་ཆེའི་ཡུལ་བྱེ་བྲག་ཀུན་པཽ་༷ན་ཞེས་བྱ་བའི་དགོན་པ་ཛཱ་ལནྡྷ་རར་རྒྱལ་པོ་ཀ་ནི་ཀས་སྦྱིན་བདག་མཛད་དེ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ། སེང་གེ་ལ་སོགས་པ་དགྲ་བཅོམ་པ་