[A:90]ལྔ་བརྒྱ། སོ་སོའི་སྐྱེ་བོའི་པཎྜི་ཏ་ལྔ་བརྒྱ་སྟེ་སྟོང་ལྔ་བརྒྱ་འདུས་པས་ཆོས་ཐམས་ཅད་དག་པར་མཛད་དོ། །དེའི་ཚེ་སོ་སོའི་སྐྱེ་བོ་གཟུངས་མ་ཐོབ་པ་དག་བཀའ་ལྷག་ཆད་དུ་འདོན་པ་མཐོང་བ་དང༌། ཐུབ་པའི་གསུང་མི་ཉམས་པར་བྱ་བའི་ཕྱིར་གླེག་བམ་ལ་ཡི་གེར་བཀོད་དེ། ཉེ་བ་འཁོར་གྱིས་བཅོམ་ལྡན་འདས་འདུལ་བ་ཡི་གེར་མི་བྲི་འདུལ་བ་དང་འདྲ་བ་ཡི་གེར་མི་འབྲི་ཞེས་གསུངས་ན། མ་འོངས་པའི་སེམས་ཅན་དག་དྲན་པ་ཉམས་པར་གྱུར་ན་ཇི་ལྟར་བགྱི་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་ཉེ་བར་འཁོར། དྲན་པ་ཉམས་ན་ལོ་མ་ལ་ཡི་གེ་བྲིས་ཏེ་བཅང་བར་བྱའོ། །ཞེས་བྱ་བའི་དུས་སུ་གྱུར་ཏོ། །ཐེག་པ་ཆེན་པོའི་སྐད་དུ་ནི་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་ལ་སམྦ་བ་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་འབུམ་ཕྲག་བཅུ་འདུས་ཏེ། འཇམ་དཔལ་གྱིས་མདོ་སྡེ་དང༌། ཕྱག་ན་རྡོ་རྗེས་མངོན་པ་དང་༑ མགོན་པོ་བྱམས་པས་འདུལ་བ་བསྡུས་སོ། །ཞེས་གྲགས་སོ། །དེ་ཡང་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། སྡུད་པ་པོ་ཕྱག་ན་རྡོ་རྗེ་དང༌། མདོ་ཉི་མའི་སྙིང་པོ་དང༌། ལུང་ཕྲན་ཚེགས་ལས། སྡུད་པ་པོ་ཀུན་དགའ་བོ་གསུངས་པ་ནི་མི་འགལ་ཏེ། བསིལ་བ་ཚལ་གྱི་མདོ་ལས༑ མང་དུ་ཐོས་པ་གསང་སྔགས་འཆང༌། །ཀུན་དགའ་བོ་ལ་ཕྱག་འཚལ་ལོ། ། ཞེས་སོ།། །།
༈གཉིས་པ་བཀའི་རང་བཞིན་ལ་གསུམ་སྟེ། སྒྲ་བཤད་དང༌། མཚན་ཉིད་དང་༑ དབྱེ་བའོ། །དང་པོ་ནི་བཀའ་ཞེས་པ་སངས་རྒྱས་ཀྱི་གསུང་ཡིན་ལ། དེ་ངག་གི་གསུང་རྣམས་ཀྱི་ནང་ན་མཆོག་གམ་རབ་ཏུ་གྱུར་པས་ན་གསུང་རབ་སྟེ་དེའི་ཁྱད་པར་གྱི་ཆོས་ནི། ཆོས་རྗེས་སུ་དྲན་པ་ལས། ཐོག་མར་
ཐོས་ན་དད་པའི་རྒྱུར་