R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 29
[A:29]ཐམས་ཅད་ལུང་ཆོས་སུ་འཐད་དོ། །གསུངས་པས་ཞེན་པའི་བརྗོད་བྱ་ཤོག་བུ་ལ་སྣག་ཚའི་འབུར་དུ་དོད་པ་ཡི་གེའི་གཟུགས་སུ་རང་མཚན་དང་དངོས་ཀྱི་བརྗོད་བྱའི་ཡི་གེ་དེ་འདི་འདྲ་ཞིག་ཡོད་ཅེས་བློ་ཡུལ་དུ་ལམ་གྱིས་དྲན་པ་སྤྱིའི་མཚན་ཉིད་དང་༑ ཞེན་པའི་རྗོད་བྱེད་གཟུགས་དང་ཚོར་བ་དང་ཞེས་པས་ཉན་ཐོས་པའི་ཤེས་པ་ལ་གྲག་པའི་སྒྲ་རང་མཚན་དང་དངོས་ཀྱི་རྗོད་བྱེད་ཆོས་འཆད་པའི་སྒྲ་དེ་འདི་འདྲ་ཞིག་ཡོད་ཅེས་དྲན་པ་སྤྱི་མཚན་ཏེ། དེ་ཐམས་ཅད་ལུང་གི་ཆོས་ཡིན་ནོ། ། བཞི་པ་དབྱེ་བ་ནི་ཚུལ་གསུམ་པའི་སྒྲོན་མེའི་མདོ་ལས། བཀའ་དང་བསྟན་བཅོས་གཉིས་སུ་ཆོས་རྣམས་འདུས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་དང་༑ ༑དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་པས་བཀའ་དང་བསྟན་བཅོས་གཉིས་ལས། དང་པོ་ལ་གཉིས་ཏེ། བཀའ་གསུང་བ་པོ་སྟོན་པའི་ཆེ་བ་བརྗོད་པ་དང༌། དེས་གསུངས་པའི་བཀའི་རང་བཞིན་བཤད་པའོ། །དང་པོ་ནི། རྒྱ་ཆེར་རོལ་པ་ལས། མཉམ་མེད་མཚུངས་མེད་ང་ལ་སུ་ཡིས་བསྟན། །ཆོས་རྣམས་རང་གིས་རྟོགས་ནས་རབ་སྟོན་པ། །དེ་བཞིན་གཤེགས་པ་ལྷ་མིའི་སྟོན་པ་ཡིན། །ཞེས་པས་གཞན་གྱིས་མ་བསྟན་པར་རང་གིས་ཇི་ལྟ་བར་རྟོགས་པ་སྟོན་པ་སངས་རྒྱས་ཉག་གཅིག་སྟེ༑ སྐབས་ཀྱི་རྒྱལ་བ་ཤཱཀྱ་ཐུབ་པ་ཡིན་ལ། དེའི་རྣམ་པར་ཐར་པ་ཡང་ཉན་ཐོས་དང་༑ ཐེག་པ་ཆེན་པོ་དང༌། གསང་སྔགས་ལ་གྲགས་པ་དུ་མ་ཡོད་པ་ལས། འདིར་མདོ་རྒྱ་ཆེར་རོལ་པ་དང༌། མངོན་འབྱུང་དང༌། མྱ་ངན་ལས་འདས་པ་དང༌། འདུལ་བ་ལུང་ལ་སོགས་པའི་རྗེས་སུ་འབྲངས་ཏེ། ཐེག་པ་ཐུན་མོང་ལ་གྲགས་པ་མདོ་ཙམ་ཞིག་བརྗོད་པར་བྱའོ། །དེ་ཡང་ལུང་ལས། དང་པོ་བྱང་ཆུབ་མཆོག་ཏུ་