R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 30
[A:30]སེམས་བསྐྱེད་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང༌། །བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པའི། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །ཞེས་པས། དང་པོ་བསྐྱེད་དཀའ་བའི་བསམ་པ་བྱང་ཆུབ་མཆོག་ཏུ་ཐུགས་ཇི་ལྟར་བསྐྱེད་པ་དང༌། བར་དུ་བསྒྲུབ་དཀའ་བའི་སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་ཇི་ལྟར་བསགས་པ་དང༌། ཐ་མ་ཐོབ་དཀའ་བའི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཇི་ལྟར་བརྙེས་པའི་ཚུལ་གསུམ་ལས། དང་པོ་ནི། དེ་ལ་དང་པོ་རིགས་སམ་ནུས་པས་སྙིང་རྗེའི་བསམ་པ་རབ་གསལ་ཅིང༌། སྦྱོར་བ་དང་བསམ་པ་ཕུན་སུམ་ཚོགས་པས། བྱང་ཆུབ་སེམས་ནི་ཡོངས་སུ་བཟུང༌། །ཞེས་པས། སྔོན་ཐེག་པ་ཆེན་པོའི་རིགས་ལ་གནས་པའི་ཚེ། ལས་ཀྱི་ནུས་པས་དམྱལ་བའི་ལྕགས་བསྲེགས་ཀྱི་ས་གཞི་ལ་མེའི་ཤིང་རྟ་འདྲེན་པའི་གྱད་ཅིག་ཏུ་སྐྱེས་སོ། །དེའི་ཚེ་ཤིང་རྟ་འདྲེན་པའི་ཟླ་བོ་སྟོབས་ཆུང་པས་མ་འདྲོངས་པ་ལ། གཤིན་རྗེའི་སྐྱེས་བུས་ལྕགས་ཀྱི་མདུང་རྩེ་གསུམ་པ་བྲང་དུ་བཙུགས་ཏེ་ལྕགས་ཀྱི་ཐོ་བས་བརྡེག་ཅིང་བསྣུན་པ་ལ་ཤིན་ཏུ་བརྩེ་བ་སྐྱེས་ཏེ། ཀྱེ་གཤིན་རྗེའི་སྐྱེས་བུ། འདི་ལ་མ་བསྣུན་ཅིགའདིའི་སྐལ་བ་བདག་གིས་དྲང་བར་བྱའོ། །ཞེས་པ་དང༌། གཤིན་རྗེའི་སྐྱེས་བུ་ཨ་ཝ་རབ་ཏུ་ཁྲོས་ནས། སེམས་ཅན་སོ་སོ་རང་གི་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ལ། ཁྱོད་ཅི་བྱར་ཡོད་ཅེས་ཏེ། གཉའ་བར་ལྕགས་མདུང་རྩེ་གསུམ་པ་བཙུགས་ནས་ཐོ་བ་མེ་འབར་བ་རབ་ཏུ་བསྣུན་པས། དེར་ཚེའི་དུས་བྱས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ། །ཞེས་མདོ་དྲིན་ལན་གསབ་པ་ལས་འབྱུང་ངོ༌། །དེ་ནས་འཛམ་བུའི་གླིང་འདི་ཉིད་དུ་རྫ་མཁན་གྱི་བུ་ཁྱེའུ་སྣང་བྱེད་ཅེས་བྱ་བར་གྱུར་ཏོ། །དེའི་ཚེ་དེ་