[A:31]བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པ་ལ་ཤིན་ཏུ་དད་པ་སྐྱེས་ཏེ། གདུགས་གསར་པ་གཅིག་དང༌། མཆིལ་ལྷྭམ་གསར་པ་གཅིག་དང་༑ རྫའི་བུམ་པ་ཆུས་གང་བ་གཅིག་བྱི་དོར་བྱས་པ་མཆོད་པར་ཕུལ་ནས་འགྲོན་བུ་བརྒྱས་ཀྱང་གཏོར་ཏེ། གཞན་དོན་དུ་དེ་ལྟ་བུ་ཉིད་ཐོབ་པར་འདོད་པས། དེ་བཞིན་གཤེགས་པ་ཁྱོད་སྐུ་ཅི་འདྲ་དང༌། །འཁོར་དང་སྐུ་ཚེའི་ཚད་དང་དཔེ་བྱད་དང་༑ ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་པ་དང༌། བསྐལ་པ་བཟང་པོ་ལས། ང་ནི་སྔོན་ཚེ་དམན་པར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་ནི་དབུལ་བ་བྱས་ནས་ཀྱང༌། །དང་པོ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་པའི་ཚིག་གིས་སྨོན་པའི་སེམས་བསྐྱེད་དོ། ༈ །གཉིས་པ་ཚོགས་བསགས་པ་ནི། ལམ་ལྔ་དང་ས་བཅུ་བགྲོད་པ་སྟེ། འདིར་ཆོས་ཀྱི་བདག་མེད་པ་ལ་མོས་ཤིང་ཚོགས་ལམ་གྱི་རྟགས་ཆོས་ཟབ་མོ་ལ་མི་སྐྲག་པ་ལ་སོགས་པ་ཐོབ་པས་གྲངས་མེད་པ་གསུམ་གྱི་དང་པོ་རྩོམ་སྟེ། ཚོགས་ལམ་ལ་འཇུག་པའི་ཚེ་རྒྱལ་པོའི་ཕོ་བྲང་རྣམ་པར་རྒྱལ་བའི་རྒྱལ་མཚན་ཞེས་བྱ་བར་རྒྱལ་པོ་ཚེ་རྣམ་པར་རྒྱལ་བ་ཞེས་བྱ་བའི་སྲས༑ རྒྱལ་བུ་བརྩོན་འགྲུས་སྤྱོད་པ་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་དེ་བཞིན་གཤེགས་པ་འོད་འཕྲོ་བའི་ཕུང་པོ་ཆེན་པོ་ཞེས་བྱ་བ། ཉན་ཐོས་ཕྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་དང་བཅས་པ་འཇིག་རྟེན་དུ་བྱོན་པས། ཚད་མེད་པ་བཞི་དང་བསྡུ་བའི་དངོས་པོ་བཞི་དང༌། ཕར་ཕྱིན་དྲུག་གིས་བསྡུས་པའི་བྱང་ཆུབ་ཀྱི་ལམ་ཡང་དག་པ་བསྟན་པར་མཛད་དོ། ཁྱེའུ་དེས་ཀྱང་དེ་ལ་དགའ་བ་དང་དད་པ་སྐྱེས་ནས་དེ་ལོ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ཏུ་བསྙེན་བཀུར་བ་ནས་བཟུང་སྟེ། བསྐལ་