R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 104
[A:104]དོན་མ་ཡིན་པར་འགྱུར་བ་གསུམ་ལས། བསམ་པ་ནི་ཁེ་དང་གྲགས་པ་དང་ཕ་རོལ་གཞོམ་པའི་བསམ་པ་ངན་པས་ཉན་པ་སྟེ། བསམ་པ་དེས་ཆོས་ཉན་པའི་སྦྱོར་བ་ཐམས་ཅད་ཉེས་སྤྱོད་དུ་འགྱུར་བའོ། །སྦྱོར་བ་ནི་ཆོས་དང་ཆོས་སྨྲ་བ་ལ་ལོག་པར་བསྒྲུབ་པ་སྟེ། སེམས་ཀྱིས་མ་མོས་པ་མ་དད་པ་དང༌། ལུས་ཀྱིས་མངོན་དུ་ཕྱག་མི་འཚལ། སྤྱོད་ལམ་མི་སྡོམ་པ་དང༌། དེ་དག་གིས་རྣམ་པར་སྨིན་པས་ངན་སོང་དུ་ལྷུང་བ་དང༌། མྱོང་བ་རྒྱུ་མཐུན་ཚེ་རབས་ཐམས་ཅད་དུ་ཆོས་དང་ཆོས་སྨྲ་བ་དང་མི་འཕྲད་པ་དང༌། མཐོང་ཆོས་ཚེ་འདི་ཉིད་ཀྱི་བདེ་བ་ལས་ཉམས་པར་འགྱུར་བ་སྟེ། ཡུམ་རྒྱས་པ་ལས། ཤཱ་རིའི་བུས་བཅོམ་ལྡན་འདས་ལ་ཆོས་སྤངས་པའི་རྣམ་པར་སྨིན་པར་ཇི་ཙམ་དུ་འགྱུར་ཞེས་ཞུས་པས། དེའི་ལུས་ཀྱི་ཚད་མ་གླེང་ཞིག་ཅེས་གསུངས་ནས་མ་གནང་བ་དང༌། ཡང་ཞུས་པས། ཕྱོགས་བཅུའི་འཇིག་རྟེན་རེ་རེར་བསྐལ་པ་དཔག་ཏུ་མེད་པར་དམྱལ་བར་འཚེད་པ་དང༌། དེ་ནས་ཕྱོགས་བཅུའི་ཡི་དྭགས་དང་དུད་འགྲོར་སྐྱེ་ཞིང་ཐ་ན་མིར་སྐྱེས་ན་ཡང་འོན་པ་དང་ལྐུགས་པ་ལ་སོགས་པར་འགྱུར་རོ། །ཞེས་པ་དང༌། རྒྱུད་བླ་མ་ལས། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང༌། ། ཕ་མ་དགྲ་བཅོམ་གསོད་པ་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམ་པས་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་སོ། །འབྲས་བུ་ལས་དོན་མ་ཡིན་པ་ནི་ཉན་པའི་ཡོན་ཏན་གྱིས་སེམས་ཁེངས་ཤིང་སྒྲུབ་པ་མི་བྱེད་པར་སྙན་པ་དང་རྙེད་པ་འཚོལ་བའོ། །གསུམ་པ་མཉན་པ་དོན་མེད་པ་ནི་བློའི་མཐུ་ཉིད་མེད་པའམ་ཡོད་ཀྱང་བྱིང་བའི་རྣམ་པར་གཡེང་བས་དང་པོ་ཐོས་པའི་དོན་མི་ཤེས་པ་