R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 109
[A:109]བར་བརྗོད། །ཅེས་པས་རྟོགས་པར་ནུས་པའི་བློ་གྲོས་དང༌། ཅི་ནས་ཤེས་པར་བྱ་དགོས་སྙམ་པའི་དོན་དུ་གཉེར་བའི་འདུན་པ་དང༌། ཆོས་སྟོན་པ་ལ་ང་རྒྱལ་ལམ་གཡོ་སྒྱུ་མེད་པའི་གུས་པ་དང༌། ཆོས་ནས་ཇི་ལྟར་བྱུང་བ་བཞིན་དུ་བྱ་དགོས་སྙམ་སྟེ་བསྒྲུབ་པར་འདོད་པའི་དད་པ་དང་ལྡན་པ་བཞི་ངེས་པར་དགོས་ཏེ། གཞན་དུ་ན་ཉན་པའི་བསོད་ནམས་ཙམ་འབྱུང་གི་ཤེས་པ་དང་བྱེད་པ་མི་འབྱུང་བས་སོ།། གཉིས་པ་ཉན་ཐབས་ལ་གསུམ་སྟེ། ཆོས་དང་སྟོན་པ་ལ་གུས་པར་བྱ་བ་དང༌། གུས་པར་བྱས་ནས་ཆོས་ཇི་ལྟར་ཉན་པ་དང༌། ཉན་ནས་ཐོས་པ་ཆུད་མི་ཟ་བར་བྱ་བའོ།།དང་པོ་ནི་ལུས་དང་སྲོག་ལ་མི་བལྟ་བར་ཆོས་འཚོལ་བ་རྟག་ཏུ་ངུ་ལྟ་བུ་དང༌། ཐོས་པས་ཆོག་མི་ཤེས་པ་ཚོང་དཔོན་གྱི་བུ་ནོར་བཟང་ལྟ་བུ་དང༌། བླ་མ་གུས་པ་བྱེད་པ་ཁྱེའུ་དཔལ་འབྱུང་གི་བསྟེན་པའི་ཚུལ་ལྟ་བུའི་བསམ་པ་ཕུན་སུམ་ཚོགས་པ་དང༌། ཐ་མ་ཟང་ཟིང་གི་བསྙེན་བཀུར་དང༌། འབྲིང་ལུས་ངག་གི་རིམ་གྲོ་དང༌། རབ་སྒྲུབ་པར་བྱེད་པ་སྟེ་སྦྱོར་བ་ཕུན་སུམ་ཚོགས་པའི་སྒོ་ནས་སོ།། ༈ གཉིས་པ་སྟོན་པ་ལ་སངས་རྒྱས་ཀྱི་འདུ་ཤེས་བཞག་སྟེ་དེས་གསུངས་པའི་ཆོས་དེ་ཤེས་པར་བྱས་ལ་དེ་བདག་ཉིད་བསྒྲུབ་ཅིང༌། གཞན་ལ་བསྟན་སྙམ་པའི་བསམ་པས་ཉན་པའམ། ཡང་ན་མདོ་ཕལ་པོ་ཆེ་ལས། ཆོས་སྨྲ་བ་ལ་སྨན་པ་དང་༑ ཆོས་ལ་སྨན་དང༌། རང་ལ་ནད་པ་དང༌། ཉམས་སུ་ལེན་པ་ལ་ནད་འཚོ་བའི་འདུ་ཤེས་བཞིས་ཉན་པར་གསུངས་སོ། །གསུམ་པ་ནི། བླ་མ་བཞུགས་སར་ཕྱིན་ཏེ་མཐུན་རྐྱེན་བསྒྲུབ་པ་སྦྱོར་བ་ཐོས་པའི་རྐྱེན་བསྟན་པ་དང༌། དངོས་གཞི་ཀུན་ཤེས་པའི་བསམ་པ་དང་རྣ་གཏད་དེ་དང་ཡིད་བཏད་དེ་དང༌། སླར་བཀུག་སྟེ་ཉན་པ་དང༌། རྗེས་ལྟ་བ་དང༌། སེམས་སྒོམ་པ་ལ་སཽགས་པ་ནན་ཏན་ཕུན་སུམ་