[A:110]ཚོགས་པས་བསྐྱངས་ཏེ། ཁྱིམ་བདག་དཔལ་སྐྱེས་ཀྱི་མདོ་ལས། མཁས་པ་རྣམས་ལ་བརྟེན་པ་ཆུད་མི་ཟ། །འཕགས་པའི་ཚུལ་གྱིས་ལེགས་བཤད་ཆུད་མི་ཟ། ། ཞེས་སོ།། །།
༈ གསུམ་པ་ཇི་ལྟར་ཉན་ཚུལ་ལ་སྦྱོར་དངོས་རྗེས་ལས། སྦྱོར་བ་གུས་པའི་སྤྱོད་ལམ་དང༌། སེམས་བསྐྱེད་པ་དང༌། དགའ་བ་སྒོམ་པའོ། །དངོས་གཞི་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་ཉན་ཏེ། གདན་དང་མེ་ཏོག་འབུལ་བ་དང༌། སྒོ་གསུམ་སྡོམ་པ་དང༌། གནོད་པ་བཟོད་པ་དང༌། ཉན་པ་ལ་སྤྲོ་བ་དང༌། འཆད་པའི་སྒྲ་ལ་སེམས་རྩེ་གཅིག་པ་དང༌། ཚིག་འཛིན་པའི་དོན་དཔྱོད་པའོ། །རྗེས་ནོངས་པ་བཟོད་པར་གསོལ་བ་དང༌། དགེ་བ་བསྔོ་བ་དང་གཏང་རག་གི་ཕྱག་བྱའོ། ། གསུམ་པ་བཤད་ཉན་བྱས་པའི་འབྲས་བུ་ལ་གསུམ་སྟེ། བཤད་པའི་འབྲས་བུ་དང་༑ ཉན་པའི་འབྲས་བུ་དང༌། དེས་སྐབས་དོན་ལ་སྦྱར་བའོ།། །།
༈ དང་པོ་ལ་གསུམ་སྟེ། སྤྱིར་ཆོས་བཤད་པའི་དང༌། ཐར་པ་ཆ་མཐུན་གྱི་དང་༑ བྱེ་བྲག་ཏུ་ཐེག་ཆེན་གྱི་ཆོས་བཤད་པའི་ཕན་ཡོན་ནོ། །དང་པོ་ནི་ཏིང་ངི་འཛིན་གྱི་རྒྱལ་པོ་ལས། །སུ་དག་སེར་སྣ་མེད་པར་ནི། །ཆོས་ཀྱི་སྦྱིན་པ་མཆོག་སྦྱིན་པ། །དེ་ཡི་ཕན་ཡོན་རྣམ་བཅུ་ནི། །འཇིག་རྟེན་མགོན་པོས་རབ་ཏུ་བཤད། ། ཅེས་པ་དང༌། མིག་ལྡན་མར་མེ་ཡོད་གྱུར་ན། །གཟུགས་རྣམས་མཐོང་བ་ཇི་ལྟ་བར༑ ༑དེ་ནི་དགེ་དང་མི་དགེའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། ། ཞེས་སོ།། །།
༈ གཉིས་པ་ནི་བྱམས་པ་སེང་གེ་སྒྲས་ཞུས་པའི་མདོ་ལས། སྟོང་གསུམ་འཇིག་རྟེན་ཁམས་འདི་གསེར་དག་གིས། །ཡོངས་སུ་བཀང་སྟེ་གཞན་ལ་བྱིན་པ་