R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 338
[A:338]ཐང་གི་གཙུག་ལག་ཁང་དུ་བཞེངས་པས་ཚལ་པ་བཀའ་འགྱུར་ཞེས་གྲགས་ཆེ། བཀའ་འགྱུར་སྔོན་མ་རྣམས་ཀྱི་རྒྱུད་འབུམ་དུ་གསང་འདུས་གཉིས་མེད་རྣམ་རྒྱལ་རྒྱ་ཕོ་བ་ལུང་པས་བརྩམས་པ་སོགས་རྒྱུད་བརྫུས་མ་ཁ་ཡར་དང༌། མདོ་མང་ནས་ཀྱང་དོགས་པའི་གནས་སུ་གྱུར་པ་རྣམས་ཕྱིར་དབྱུང༌། གསང་སྔགས་སྔ་འགྱུར་གྱི་རྒྱུད་རྣམས་སླར་ཞུས་དག་ཅིག་མཛད་བཞེད་ཀྱིས་རེ་ཞིག་བཏང་སྙོམས་སུ་བཞག་སྟེ་ཤིན་ཏུ་ཁ་གཙང་བ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་དཀར་ཆག་ཏུ་བཏབ་ནས་ཞ་ལུ་གསེར་ཁང་གི་གཙུག་ལག་ཁང་དུ་བཞུགས། དེ་ནས་རིམ་གྱིས་མཆེད་པ་རྣམས་ལ་ཐེམ་སྤངས་མར་གྲགས་པ། དམ་པ་རྣམས་ཀྱི་བསྟན་པ་ལ་བྱ་བ་ལེགས་པར་མཛད་པའི་ཕྱག་གི་རི་མོ་ལུས་ཅན་བསོད་ནམས་ཀྱི་མེ་ལོང་དུ་ཤར་བའི་བོད་དང་བོད་ཆེན་པོའི་རྒྱལ་ཁམས་སུ་བཀའ་འགྱུར་རོ་ཅོག་གི་གླེགས་བམ་མང་པོར་འཕེལ་ལ། དེའང་ཤེར་ཕྱིན་དང་མདོ་སྡེ་རིན་པོ་ཆེ་དུ་མ་ལས། དམ་པའི་ཆོས་ཀྱི་ཚུལ་ཆོས་འདི་ཉིད་གཟུང་བར་བྱ། བཅང་བར་བྱ། ལུང་དབོག་པར་བྱ། ལུང་ནོད་པར་བྱ། ཁ་ཏོན་དུ་བྱ། ཀུན་ཆུབ་པར་བྱ་ཞེས་ལན་གྲངས་མང་པོར་རྒྱ་ཆེར་བཀའ་སྩལ་པ་ལྟར་རི་མོར་འབྲི་བ་ལས་ཀྱང་ཐོས་བསམ་སྒོམ་གསུམ་དུ་བྱ་བ་ནི་བསྔགས་ཤིང༌། དེ་ལ་དགོངས་ནས་སྔོན་བྱོན་དམ་པ་དུ་མས་འབད་པ་ཆེན་པོས་ཉེ་བར་བཙལ་བའི་ལུང་གི་རྒྱུན་རྒྱུད་སྐོར་ཙམ་མ་གཏོགས་རིམ་གྱིས་ཇེ་ཕྲར་གྱུར་པའི་ཚེ་མཐུ་སྟོབས་ཀྱི་དབང་ཕྱུག་ཀུན་མཁྱེན་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོས་རིན་པོ་ཆེ་བཀའ་འགྱུར་བ་
ཤཱཀྱ་རྒྱལ་མཚན་
ལ་གསན་ནས་འབུམ་རབ་འབྱམས་པ་ཁུ་དབོན་སོགས་ལ་གནང་བའི་རྒྱུན་བཟང་པོ་ལས་མདོ་མང་ཤེར་ཕྱོགས་གཞན་དུ་ཆེར་མ་འཕེལ་བའི་ཚེ་ལྷོ་བྲག་སྤྲུལ་སྐུ་ཆོས་རྒྱལ་དོན་གྲུབ། ཞྭ་དམར་དཀོན་མཆོག་ཡན་ལག །རྒྱལ་ཚབ་གྲགས་པ་དོན་གྲུབ་གསུམ་ཐུགས་སྒམ་ཞིང་