R1247: བླ་མ་དགེ་སྦྱོང་ཆེན་པོའི་རྣམ་ཐར།

  • Pagination (Witness A): 246
[A:246]མན་དག་བཞི་སྦྱོར་གྱི་གདམས་པ་རྣམས་ལེགས་པར་བསྟན་གསུང་། ཡང་འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་བཀའ་རྒྱུད་དང་བཅས་པ་མངོན་དུ་བྱོན་ནས་མཉེས་བཞིན་པའི་རྣམ་པར་བཞུགས་པ་ལ། བླ་མ་བདག་གི་བསྒྲུབ་པའི་ལམ་འདི་མ་ནོར་བ་ལགས་སམ་ཞུས་པས། ལམ་མ་ནོར་ལེགས་ཀྱིས་བསྒྲུབ་པར་གྱིས་ཤིག་ཅེས་གནང་བ་ཐོབ། ཅེས་གསུངས་སོ། དེ་ལ་འདི་སྐད་ཅེས་བསྟོད་པ། གྲུབ་མཆོག་སྤྲུལ་པའི་སྐུ་ཡིས་རྗེས་ལུང་བསྟན། རྒྱུད་ལྡན་བླ་མས་བྱིན་རླབས་ལེགས་སོ་གནང་། ལྷག་བསམ་རྣམ་དག་བསྒྲུབ་ལ་རབ་བརྩོན་པས། གྲུབ་པ་གཉིས་ལྡན་དགེ་སྦྱོང་ལ་ཕྱག་འཚལ། ཅེས་སོ། དེ་ནས་སྲོན་དུ་བྱོན་ནས། ཨོང་སེ་རུ་ཐུགས་དམ་མཛད་པའི་དུས་སུ། རྨི་ལམ་ན་ནམ་མཁའི་དབྱིངས་སུ་རིན་པོ་ཆེ་སྣ་ཚོགས་ལས་བཞེངས་པའི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་རིན་པོ་ཆེའི་ཁྲི་ཆེན་པོ་བཤམས་ནས་སྣང་། མཐའ་མ་ཐམས་ཅད་སྐྱེ་བོའི་ཚོགས་ལྷའི་བུ་ལྟ་བུ་མང་པོས་བསྐོར་ནས་འདུག ། ཁྲི་འདི་ལ་སུ་སྡོད་པ་ཡིན་བྱས་པས། ཧོར་སྒོམ་སྡོད་པ་ཡིན་ཟེར། དེ་ལྟ་བུ་དག་དགེའི་རྨི་ལམ་བསམ་གྱིས་མི་ཁྱབ་གསུང་། དྱུན་གཏོར་མཛད་པའི་ཚེ། མི་གཡོ་བ་དང་སྒྲོལ་མ་ལ་སོགས་པ་ཡིད་ཀྱིས་བསམས་པ་རྣམས། མིག་གིས་ཀྱང་མཐོང་པར་གསལ་ཞིང་འདུག ། རླུང་སེམས་ཅུང་ཟད་དངས་པའི་རྟགས་སུ་འདུག་གསུང་། གཉན་པར་གཅོད་ལ་བྱོན་པའི་ཚེ། འདི་ན་འདྲེ་དང་སྲིན་པོ་ཤ་ཟའི་