R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 106
[A:106] ཅུང་ཟད་ཕན་པར་བྱུང་། བཅོ་བརྒྱད་ཀྱི་སྔ་དྲོ་སྐུ་གདུང་གི་དྲུང་དུ་སླེབས་ཏེ། གདས་ས་ཆེན་པོ་དཔལ་ལྡན་ས་སྐྱའི་བླ་མ་ཁུ་དབོན་གསུམ། བླ་མ་ཁང་གསར་བ་དང་བཅས་པའི་སྐུ་འཁོར་ཐམས་ཅད་དང་། དཔོན་ཆེན་པ་ལ་གདན་འདྲེན་གྱི་ཞུ་བ་བཏང་། འཚལ་པ་ནང་པའང་། བྱ་དཀའ་ཆེ་ཞིང་གཉེར་པ་གསར་རྙིང་མཚམས་སུ་ནང་པོ་སྟོང་པ་ལས་མི་འདུག་ནའང་། གཉེར་པ་བྱང་ཆུབ་དཔལ་ལྡན། སྔོན་གྱི་སྨོན་ལམ་དང་མོས་གུས་དམ་ཚིག་དག་པའི་དབང་གིས་དུས་ཐ་མའང་ཞབས་ཏོག་འདི་སྐམ་པའི་ཁུར་དུ་བླངས་ཏེ། བློས་ལོངས་ཤིག །། རྩོལ་བས་ཐོན་པ་དང་། བཀོད་པས་ཁྲོམས་པར་བྱས་ནས། བྱ་དགའ་རྣམས་རྩོལ་སྒྲུབ་བྱས། གཉེར་སྔོན་མ་བྱས་དུས་བུག་ཐེས་སུ་བཞག་པའི་ཆ་རྐྱེན་རྣམས་ལ་གཞི་བླངས་ཏེ། བཅུ་དགུའི་དགོངས་ཇ་ལ། ཀུན་དགའ་ར་བ་ཆེན་པོར་བླ་མ་དགེ་འདུན་ཚོགས་པར་མང་ཇ་བསྐོལ། ཆེ་འབྲིང་ཆུང་གསུམ། ཕྱི་ནང་བར་གསུམ་ཐམས་ཅད་མྱ་ངན་དུ་གྱུར། ཁྱད་པར་དུ་གདུལ་བྱའི་འབངས་ཤིང་ས་འགྱེལ། དྲན་མེད་དུ་བརྒྱལ། གདུང་ལ་མཇལ་བ་དང་འབུལ་བ་བྱེད་པ་ལ་ཕྱོགས་མཐའ་དག་ནས་མྱ་ངན་གྱིས་ནོན་པའི་མི་རྣམས་ནི་སྤྲིན་ནག་པོ་ལྟར་འདུས། སྨེ་སྔགས་དང་ངུད་མོའི་སྒྲ་ཆེན་པོ་ནི་འབྲུག་སྒྲ་ཆེན་པོ་ལྟར་གྲག །། མཆི་མའི་རྒྱུན་ནི་ཆེན་པོ་ལྟར་བབ་སྟེ། འོན་ཀྱང་སྐྱེ་བོ་ཕལ་པ་ཤི་བའི་མྱ་ངན་ནི་དོན་མེད་སྡུག་བསྔལ་ཉིས་རྩིག་ཡིན་མོད། སྐྱབས་གནས་རིན་པོ་ཆེ་འདི་ལྟ་བུ་བདེ་བར་གཤེགས་པ་ལ། མྱ་ངན་གྱི་གདུང་ཤུགས་མོས་གུས་ཀྱི་རྩལ། སྨྲེ་སྔགས་ཀྱི་ང་རོ་གསོལ་འདེབས་ཀྱི་གདངས། སྡུག་བསྔལ་གྱི་སྤྲུག་སྡེབས། ཕྱག་མཆོད་ཀྱི་འཕྲུལ་འཁོར། ཡི་མུག་གི་སྣང་སེམས་བྱིན་བརླབས་ཀྱི་