[A:121]
༄༅ ཉེ་བར་མཁོ་བ་སྒྲུབ་པའི་གསེར་ཤོག་འཇམ་དབྱངས་སྔོན་པོ། རི་མོ་བ་དབང་རྡོར། ལྕགས་མཁར་བ་སྒོ་ཤག །། ཤིང་བཟོ་བ་མཁས་པའི་ཡང་རྩེ་ཕག་ལྷ་བཟོའི་བརྒྱུད་པ་དཔོན་མེ་ཆེ་རྡོ་རྗེ་གཞོན་ནུ་དང་། དཔོན་མོ་ཆེ་དཀར་པོ་མགོན། གོས་བཟོ་བ་ཤེས་རྡོར། རྩིག་བཟོ་ཞལ་མཁན་དང་བཅས་པ་ཐམས་ཅད་གཅིག་ལས་གཅིག་མཁས་ཏེ། ཐམས་ཅད་མཁས། འགྲུས། འགྲོགས་བདེ། ཡོན་ཏན་ཆེའོ། དེ་རྣམས་ལ་རྒྱགས་བཏབ་པ་ཀུན་དགའ་སྲང་གྲངས་སུ་དྲིལ་བས་སྲང་སུམ་བཅུ་སོ་ལྔ་དང་ཞོ་གསུམ། ཡོན་ཟིང་ཁུགས་སྲང་གྲངས་སུ་དྲིལ་བས་སྲང་བརྒྱད་བརྒྱ་དང་སུམ་བཅུ་རྩ་བཞི་ཞོ་བཞི། དུས་སྟོན་དགུ་ལ་སོགས་གྱ་ནོམ་པས་མཆོད་པས་མཆོད་པར་བྱས། ཡོན་ཏན་མཁྱེན་པ་ཐམས་ཅད་མཆོད་ཅིང་བསྐུལ་བའི་ཞལ་ཏ་ཕྱག་ལེན་ནི། རྒྱལ་རིགས་རབ་ཏུ་བྱུང་ནས་འདུལ་བའི་སྡེ་སྣོད་འཛིན་པ་ལྷ་དབང་ཕྱུག་རྒྱ་མཚན། སྒོམ་ཆེན་མཆོག་ལྡན་ལེགས་པའི་བློ་གྲོས། ཀུན་དགའ་གྲུབ་དང་བཅས་པས། ཕུགས་ཤ་ཚ། འཕྲལ་ཡིད་བཟོ། གནོད་འཇུག་ཆུང་ལ་འཁུལ་ཆེ། དཀོར་ལ་མ་འབགས་ཤིང་བརྩོན་འགྲུས་སྐྱོ་དུབ་མེད་པས་བགྱིས། དངོས་པོ་ཐམས་ཅད་གཉེར་པ་བྱང་ཆུབ་དཔལ་ལྡན་གྱིས་ཐབས་བློ་ཤེས་གསུམ། གཉའ་སྐྱི་འཕྲུལ་གསུམ་གྱིས་གྱ་ནོམ་པར་བསྒྲུབས། ཁ་ཏ་ལག་ལེན་གྱིས་ཁྲེམས་པར་བྱས་ཤིང་། ཉེ་གནས་པ་ཤཀྱཱ་འབུམ་གྱིས་ཀྱང་བློ་དང་བརྩོན་འགྲུས་ཀྱིས་འབད་པས། བར་ཆད་མེད་ཅིང་མགོ་ཐོན་པར་དཀོན་མཆོག་གཙུག་ལག་ཁང་མཆོད་རྫོགས་དང་བཅས་པ། ཀུན་འཛིན་གྱི་ལོ་ས་ཕོ་བྱི་བ་ཟླ་བ་གཉིས་པའི་ཚེས་བཅུ་དགུ་ནས་བརྩམས་ཏེ། ཟླ་བ་བརྒྱད་པའི་བར་དུ་ཕལ་མོ་ཆེ་ལེགས་པར་གྲུབ།