R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 132
[A:132] ནང་རྫོངས་ཀྱི་ཉིན་ཁྱད་པར་དུ་བྱིན་བརླབས་བཞུགས་ནས། སྐྱབས་གནས་དམ་པ་དངོས་སུ་བཞུགས་པ་ལྟར་སྣང་། གཞན་པ་ཡང་དད་གུས་དམ་ཚིག་ལྡན་པའི་སློབ་འབངས་རྣམས་ཀྱིས་རང་རང་མོས་པའི་རྟེན་དུ་སྐུ་ཚབ་བཞེངས་སུ་གསོལ་བ་ཕལ་ཆེར་གཙུག་ལག་ཁང་འདིར་རབ་གནས་དུས་སུ་ཚོགས་པ་ལ། གསེར་སྐུ་སྤྲུལ་སྐུ་གསུམ་བཅུ་སོ་གཅིག །། རྗེ་རིན་པོ་ཆེ་ཉིད་ཀྱིས་སྐུ་འདྲ་གསེར་སྐུ་བཅུ་གཉིས་ཏེ། གསེར་སྐུ་བདུན་བཅུ་རྩ་བདུན་སྐུ་འདྲ་དར་སྐུ་བཅུ། ལྡེར་སྐུ་སྣ་ཚོགས་བཅུ་དྲུག །། ཐང་སྐུ་བླ་མ་ཉིད་ཀྱི་སྐུ་འདྲ་ཉི་ཤུ་རྩ་བཞི། འགྲོན་གྱི་ཐང་སྐུ་དཀྱིལ་འཁོར་ལྔ་བཅུ་རྩ་གསུམ། ཞིང་ཁམས་ཉི་ཤུ་རྩ་བཞི། མཆོད་ལྷ་བཅུ་དྲུག །། གསུང་རབ་བཀའ་འགྱུར་དང་། གསེར་དངུལ་གྱི་ཉི་ཁྲི་ཚར་གཅིག །། གླེགས་བམ་གཅིག །། རྒྱུད་པོ་ཏི་གཅིག །། བསྟོད་འབུམ་པོ་ཏི་གཅིག་རྣམས་ཚོགས་པར་གྱུར། འདིར་མ་འདུས་པའི་རྒྱ་བོད་ལ་སོགས་ཡུལ་གྲུ་ཀུན་དུ། རྗེ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་བགྲང་ལས་འདས་པར་གདའ། དངུལ་གྱི་མཌལ། སྣང་གསལ་རྒྱན་འབར་ལ་སོགས་མཆོད་པ་འབུལ་བའང་དཔག་ཏུ་མེད་པ་བྱུང་ངོ། དེ་ལྟར་སྣོད་བཅུད་ཕུན་སུམ་ཚོགས་པའི་རྟེན་མཆོག་ཏུ་གྱུར་པ་རྣམས་གྲུབ་ནས། བཀྲ་ཤིས་ཀུན་འཛིན་གྱི་ལོ་དབྱུག་གུ་ཟླ་བ་གཟའ་སྐར་དུས་སྦྱོར་ཚེས་གྲངས་ཕུན་སུམ་ཚོགས་པ་ཟུང་གི་ཚེས་ལ། འགྲོ་བའི་མགོན་པོ་རིན་པོ་ཆེའི་རྒྱལ་ཚབ་བླ་མ་རིན་པོ་ཆེ་པ་གུང་ཐང་གི་གཙུག་ལག་ཁང་དུ་སྤྱན་དྲངས་ནས་རབ་ཏུ་གནས་པའི་ཆོ་ག་འགྲོ་མགོན་རིན་པོ་ཆེའི་ཕྱག་ལེན་ཇི་ལྟ་བར་ཞུས། སྒོ་མངས་ཀྱི་དྲུང་དུ་ཕྱི་ནང་གི་དཀྱིལ་འཁོར་གསུམ་བཞེངས་ནས། སློབ་དཔོན་བཀའ་བཞི་ལ་སོགས་པས་ཆོ་ག་མཛད། ཁོང་སྐུ་ཁམས་