R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 133
[A:133] བསྙུང་གིན་ཡོད་པ་ལ། མེ་ཏོག་འཐོར་བའི་དུས་ནས་སྐུ་ཁམས་དངས། གསོལ་ཕྱེ། ཡོན་ཏན་གྱི་ཚེས་ཉི་མ་ཤར་བའི་དང་པོ་ལ་མཁན་སློབ་རྣམ་པ་དང་བཅས་པ་དགེ་བའི་བཤེས་གཉེན་དགེ་འདུན་ཐམས་ཅད་ཀྱི་བདེན་པའི་སྟོབས་ཀྱིས། ཐུགས་བསྐྱེད་སྨོན་ལམ་ཡོངས་སུ་བསྐུལ་ཏེ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ནས། རྟེན་དང་བརྟེན་པ་ཐམས་ཅད་དབྱེར་མི་ཕྱེད་པར་བྱིན་གྱིས་བརླབས་ཏེ། བཀྲིས་ཕུན་སུམ་ཚོགས་པའི་མེ་ཏོག་གསོལ་བས། ལྷ་རྣམས་ཀྱིས་ཀྱང་མེ་ཏོག་གི་ཆར་ཕབ་ཅིང་། འཇའ་ཚོན་གྱི་སྤྲིན་ལ་སོགས་བཀྲིས་པའི་དགེ་མཚན་མཐའ་ཡས་པ་སྣང་ཞིང་། ཉི་མའི་གུང་ལ་ཀུན་དགའ་ར་བ་ཆེན་པོར་རབ་ཏུ་གནས་པའི་དགའ་སྟོན་བགྱིས་ཏེ། བླ་མ་ཡང་དག་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་སྟོང་ཕྲག་ལྔ་ཙམ་ལ་ཆོས་སྟོན་དང་། ཇ་བུར་གྱིས་བསྙེན་ཅིང་བཀུར་བ་འབུལ་བ་མེ་ཏོག །། དར་འགྱེད་དང་བཅས་པ་འཚལ་པ་བསམ་གྲུབ་ཀྱིས་བསམ་སྦྱོར་གུས་པས་བསྒྲུབས་ཤིང་། བཟོ་བའི་གནས་རིག་པའི་མཁས་པ་ཆེན་པོ་རྣམས་ལ། དྲིན་ལན་གྱི་གཏང་རག་འབུལ་བ། ནང་སོ་ནས་ལེགས་པར་བསྒྲུབས། དེ་ཉིན་གྱི་མཚན་མོ་དབུས་གླིང་དུ་རིན་པོ་ཆེ་པས། དཔལ་འཁོར་སྡེ་པ་བཀའ་སྟོད་དང་བཅས་པའི་དཀྱིལ་འཁོར་དུ། སྦྱིན་པའི་བདག་པོ་ཐམས་ཅད་དབང་བསྐུར་ཞིང་། བླ་མ་ཡི་དམ་ཆོས་སྐྱོང་དབྱེར་མི་ཕྱེད་པས་བྱིན་གྱིས་བརླབས་ཏེ། དེ་ལྟར་བླ་མའི་ཐུགས་དགོངས་རྫོགས་པ། སངས་རྒྱས་བསྟན་པ་དར་བ། སེམ་ཅན་གྱི་བདེ་སྐྱིད་དུ་འཕེལ་བ། འགལ་རྐྱེན་བར་ཆོད་ཞི་བ། བསམ་པ་དོན་དུ་