[A:14]
སུལ་ཆེན་པོའི་བླ་མ་འཇམ་དབྱངས་རིན་ཆེན་བཟང་པོས། སྐུ་མཆེད་གཉིས་གཟིགས་པའི་དུས་སུ། གཅེན་པོ་འདི་བྱང་ཆུབ་རིགས་སུ་འདུག་ནས་སྐུ་ཚེ་རིང་པོ་མི་ཡོང་། གཅུང་པོ་འདི་གང་ཟག་ཁྱད་པར་ཅན་བསྟན་པ་དང་སྡེ་ཆེན་པོ་ལ་ཕན་ཐོགས་པ་་་འོང་བར་གསུངས། སྐྱེས་བུ་མཆོག་འདི་གང་ལ་འཁྲུངས་པའི་ཡུམ་ཡང་། རིགས་དང་། ངང་ཚུལ། སྤྱོད་པ་བཟང་ཞིང་བསམ་སྦྱོར་ཐམས་ཅད་དགེ་བ་སྒྲུབ་ཅིང་གཞན་ལ་ཕན་ཐོགས་པ། ཤིན་ཏུ་བཟང་མོར་གྲགས་ཤིང་། གཡོ་སྒྱུ་ལ་སོགས་བུད་མེད་ཀྱི་སྐྱོན་ཐམས་ཅད་ཀྱིས་མ་གོས་པ། ཡོན་བདག་མོ་ཁང་གསར་ཞེས་བྱ་བ་ཡིན། འབྲི་ཁུང་པའི་དགོན་པ་རིན་ཆེན་གྲགས་ན་སོ་ཕྲ་མོར་ཡོད་པ་ལས་ཚིས་བྱས་པ་དང་། ཕྱིས་དྲན་བསྐུལ་གྱི་ཡི་གེ་བསྐུར་ན་མངོན་ཤེས་སུ་བྱུང་བའི་གཏམ་བརྒྱུད་ཀྱང་ཡོད། ལྕམ་མོ་ཡང་འཛངས་པའི་འཕྲུལ་དང་། དགེ་བའི་ཕྱོགས་ཀྱི་ཡོན་ཏན་དུ་མས་འབྱོར་པ། ཀུན་ལ་ཕན་པར་གྲགས་པ་སྲས་མོ་འཇོམ་འཛོམ་འབུམ་ཞེས་བྱ་བས་ཞྭ་ལུར་དགེ་འདུན་གྱི་སྡེ་ཆེན་པོ་བཙུགས། གཙུག་ལག་ཁག་དུ་གློ་འབུར་གཉིས། གསེར་སྐུ་ཆེན་པོ་རྣམས། རིན་པོ་ཆེའི་བཀའ་འགྱུར། རྒྱ་ཕུབས་ལ་སོགས་དང་། དགེ་འདུན་གྱི་ཞབས་ཏོག །། རིམ་གྲོ་ཆེན་མོ་ལ་སོགས་མདོར་ན་ཆོས་དང་འཇིག་རྟེན་ལ་ཕན་པའི་བྱ་བ་བསམ་གྱིས་མི་ཁྱབ་པ་མཛད་པའང་བྱུང་སྟེ། ལྕམ་སྲིང་། ཡབ་ཡུམ་ཁུ་མེས་བརྒྱུད་བཅས་པ་ཐམས་ཅད་གང་ཟག་དམ་པ་འགའ་ཞིག་བྱུང་བ་སྐྱེས་བུ་ཆེན་པོའི་རིགས་ཡིན་ནོ། སྡིག་ཅན་གྱི་རིགས་ནི་མཐོན་པོར་སྐྱེས་ཀྱང་རིགས་མཆོག་ཅེས་མི་བྱའོ། གཟུགས་བཟང་བ་རྣམས་ཀྱི་མཆོག་ཏུ་གྱུར་པ་ནི། སྤྲུལ་པའི་སྐུ་འདིའི་དབང་པོ་དང་ཉིང་ལག་ཐམས་ཅད་སྐྱོན་མེད་ཅིང་ཚད་དང་ལྡན་པ། ཀུན་གྱིས་བལྟ་ན་སྡུག་པ་མཛེས།