R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 15
[A:15] ༄༅ མཐོང་ན་དགའ་ལ་ཡིད་དུ་འོང་བ། མོས་གུས་ཞེན་པ་བྱེད་པ་རྣམས་ལ་ནི། ཞལ་བཞུགས་པ་ཙམ་གྱིས་བག་དྲོ་ཞིང་བྱིན་ཆགས་པ་ལ། བཏང་སྙོམས་པ་རྣམས་ཀྱིས་བལྟས་ཀྱང་ཡིད་སྨོན་ཞིང་གཟི་བརྗིད་ཆེ་བ། མཐོ་འཚམ་པར་འདོད་པ་གང་གི་ཀྱང་བརྙས་པ་དང་ཟིལ་གྱིས་མནན་མི་ནུས་ཤིང་། བསོད་ནམས་ཀྱི་སྟོབས་ཀྱིས་གཞན་ཐད་ཟིལ་གྱིས་ནོན་པ། གསེར་གྱི་རི་བོའི་ཉི་མའི་དཀྱིལ་འཁོར་ལྟར་བཞུགས་པ་ཡིན། ཡང་དག་པར་རྫོགས་པའི་སངས་རྒྱས་སམ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་འབྱུང་བའི་མཚན་བཟང་པོ། ཕྱག་ཞབས་འཇམ་ཞིང་གཞོན་ཤ་ཆེ་བ་དང་། སྐུའི་མདུན་མཐོ་བ། སོར་མོ་རིང་བ། སྐུ་ཆེ་བ་དང་། དྲང་བ་ལ་སོགས་དང་། དཔེ་བྱད་བཟང་པོ་ལས། སོར་མོ་ཟླུམ་པ་དང་། རྒྱས་པ་དང་། བྱིན་གྱིས་ཕྲ་བ་དང་། རྩ་མི་མངོན་པ་དང་། སྐུའི་ཁོ་ལག་མངས་ཤིང་བཟང་པ་དང་། སྐུ་ཞུམ་པ་མེད་པ་དང་། རྒྱས་པ་དང་། ཕྱག་ཤིང་ལྟར་འཇམ་པ་དང་། ཤངས་མཐོ་བ། དབུ་རྒྱས་པ་ལ་སོགས་རྣམས་ཀྱང་ཆེ་མཐུན་དུ་ཡོད་པ་ཡིན། མདོར་ན་དཔལ་འབྱོར་གྱི་ལུས་སྐྱོན་མེད་སྡོམ་པ་གསུམ་གྱི་རྟེན་མཆོག་ཏུ་རུང་བ། ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་ནོ། སྡིག་པ་བྱེད་པའི་ལུས་ལ་སྟོབས་དཔལ་ལྡན་པ་དྲག་རྩལ་ཆེ་བ་ལ་སོགས་ཡོན་ཏན་ཅི་འདུག་ཀྱང་གཟུགས་མཆོག་ཅི་མི་བྱའོ། ཚེ་རིང་བ་རྣམས་ཀྱིས་མཆོག་ཏུ་གྱུར་པ་ནི། ད་ལྟ་འཛམ་གླིང་པའི་ཚེ་ཚད་དྲུག་བཅུ་ཁ་མར་རལ་བ་ཡིན། མདོར་ན་སྐུ་བལྟམས་ནས་མ་གཤེགས་བར་དུ་སྡུལ་མ་མྱོང་། སྡིག་པ་མཚན་ཉིད་པ་མ་མཛད་པར་བདེ་སྐྱིད་དང་།