R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 17
[A:17] ༄༅ ཆེས་མཆོག་ཡིན་ཏེ། བསོད་ནམས་ཆེར་བསགས་པ་ལ་ཟེར་བ་ཡིན་མོད། སྐུ་ཚེ་དཔག་ཏུ་མེད་པར་བསོད་ནམས་ཀྱི་ཚོགས་བསགས་པས། སྐུ་ཚེ་འདིར་འཇིག་རྟེན་གྱི་དགོས་འདོད་དཔལ་དང་འབྱོར་པ་མཐུ་དང་དབང་ཕྱུག་ལ་སོགས་གང་འཁོ་བ་དང་། ཅི་བསམ་པའི་དོན་ཐམས་ཅད་འབད་མི་དགོས་པར་ལྷུན་གྲུབ་ཏུ་བརྒྱད་འདོད་དགུ། བདེ་ལོག་འགྱུར་ལོག་ཏུ་བྱུང་བ་ཡིན། མི་འདོད་པ་དང་། མི་མཐུན་པའི་ཐམས་ཅད་རང་ཞན་གྱིས་ཞི་ཞིང་། བྱུང་དོགས་པའང་མི་དགོས་པ་ཡིན། འཇིག་རྟེན་ལས་འདས་པའི་དགེ་བའི་ཕྱོགས་ཀྱི་མཐུན་རྐྱེན། དགེ་བའི་བཤེས་གཉེན། ཡང་དག་པའི་གདམས་པ། ལུང་དང་རྟོགས་པའི་ཡོན་ཏན། དུས་གནས་འཛོམས་པའི་རྟེན་འབྲེལ། དུས་ལ་འབབ་པའི་གདུལ་བྱ། སྣང་སྲིད་རྒྱ་ཐོགས་ཀྱི་འགྲོ་དོན། དོན་འདྲ་ཕུན་སུམ་ཚོགས་པའི་ཡོ་ལང་ཐམས་ཅད་དངོས་གྲུབ་ཡོན་ཏན་སྐྱེལ་དུ་བྱུང་བ་ཡིན། དགེ་བའི་ཕྱོགས་ལ་གེགས་དང་བར་དུ་གཅོད་པ་གང་ཡང་མ་བྱུང་བ་ཡིན། བསོད་ནམས་ཆེན་པོས་དཔལ་གྱིས་བསྐྱབས་པས། དྲུང་རིན་པོ་ཆེ་འདིའི་སྐུ་ཚེའི་བར་ལ། ཚལ་པའི་ཆབ་སྲིད་ཀྱང་འདྲ་མ་ཉམས། ཟུར་མ་ཆག །། དར་རྒྱས་ཇེ་ཆེ་ཇེ་ཆེར་སོང་ངོ། རྒྱལ་ཁམས་བྱིན་དུའང་ཁྲིམས་འཇགས་ཤིང་། ནད་མུ་གེ། དམག་འཁྲུག་སོགས་མི་བདེ་བ་རྟགས་མཚན་མ་བྱུང་། ཁྱད་པར་དུའང་བྱ་བ་མཛད་རིང་ལོ་ཉི་ཤུ་རྩ་ཞ་གི་བར་དུ། དབུས་གཙང་དུ་མི་དཔོན་བཟང་པོ་རྣམས་བྱུང་། ཁྲིམས་དམ། ཐམས་ཅད་སྐྱིད་པའི་དཔེ་ཐུབ་པར་བྱུང་བ་ཡིན། མདོར་ན་སྐུའི་བསོད་ནམས་ཤིན་ཏུ་ཆེ། མི་ཆོས་ལྷ་ཆོས། ཚེ་འདི་ཕྱི། རང་དོན་གཞན་དོན་ཐམས་ཅད་འཛོམས་པ་ཁོང་ཙམ་ཡིན། འདི་འདྲ་གཞན།