R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 42
[A:42] ཇ། ཆེན་པོ་དགའ་བདེའི་དུས་མཆོད་བཅོ་ལྔ་མཆོད་པ། ཟླ་དུས་ཀྱི་མཆོད་པ་ལ་བཅོ་ལྔའི་ཚུལ་དུ་བཙུགས། དཔོན་རིན་པོ་སེང་གེའི་དུས་མཆོད་བཅོ་བརྒྱད་མཆོད་པ་བཙུགས། ཆོས་འཁོར་གླིང་དུ་དགག་དབྱེ་སྟོན་མོ་དང་། དབྱར་དགུན་དཔྱིད་གསུམ་དུ་ཆོས་བཙུགས་ནས་མ་ཐོན་བར་དུ་ཇ་ཚུལ། ཡང་དགོན་དང་ལྷ་གདིངས་སུ་རིན་པོ་ཆེ་བར་པའི་ཉི་ཤུ་བདུན་མཆོད་བཙུགས། ཡང་དགོན་སྒོམ་སྡེ་གཉིས་སུ་དབྱར་ཆོས་ཀྱི་དུས་ཇ་ཚུལ་རྣམས། ཞལ་ཏ་དང་བདག་རྐྱེན་མཛད་ནས་བཙུགས། ནང་པོ་ནས་སྐྱོང་བའི་བཅུ་གཅིག་མཆོད་པ་དང་། ཉི་ཤུ་བདུན་མཆོད། ཚེས་བརྒྱད་མཆོད་པ་རྣམས་སྔར་ཆེན་མོ་རྣམས་ཀྱི་དྲག་རིམས་ཐོགས་རེ། ནང་སོར་བོས་ནས་གྲོ་འདྲེན་པ་ལ། ཕྱིས་ཀུན་དགའ་ར་བ་ཆེན་པོར། བླ་མ་དགེ་འདུན་སྤྱི་ལ་ཆོས་སྟོན་འདྲེན་པ་འདི་མཛད་པ་ཡིན། སྐྱི་ཤོད་ཀྱི་རི་བརྒྱུད་ལྷོ་བྱང་གི་རི་ཁྲོད་སོ་སོར་བཞུགས་པའི་སྒོམ་ཆེན་རྣམས་ལ་ལོ་རེ་བཞིན་དབྱར་རྒྱགས་འགྱེད་པའི་སྲོལ་བཙུགས། དུས་ཕྱིས་དབྱར་དཔལ་གྱི་རི་བོར་སྒོམ་ཆེན་འདུས་པ་ཐམས་ཅད་ལ། གྲོ་དང་གསེར་འགྱེད། དགུན་ཆོ་འཕྲུལ་ཆེན་པོའི་དུས་སུ་ཡབ་ཀྱི་དུས་མཆོད་དམིགས་ཏེ། ཕྱི་ནང་གི་དཀྱིལ་འཁོར་བཞི་ཞལ་ཕྱེ་ནས། སྦྱིན་སྲེག་ཆ་བཞི་དང་དགེ་བའི་བཤེས་གཉེན་ལྔ་བཅུ་རེ་ཙམ་གྱིས་བདག་འཇུག་ལོན་ཞིང་། ཞག་བཅུ་བཅུའི་བར་དུ་ཆོ་ག་རྣམས་པར་དག་པས་སྒྲུབ་མཆོད་མཛད་པའི་སྲོལ་མཛད། དཔོན་སར་བྱོན་པའི་ཕྱི་ལོ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་མཇལ་འཕྲད་ལ་བྱོན་དུས། མང་ཇ་འབུལ་བ་དང་བཅས་པ་མཛད། ཆེན་པོ་དགའ་བདེའི་གཤེགས་རྫོགས་དུས་སུ། ཚོགས་ཆེན་པོར་ཚ་བ་དྲངས། རྐྱང་འབུལ་བཏང་། ཇ་སིག་བརྒྱ་དང་། རས་གྲེས་ལྔ་