[A:49]
འཇིག་རྟེན་གྱི་བྱ་བ་མཛད་པའི་དུས་སུའང་། ཆོས་བརྒྱད་ཀྱི་སྤོང་སྒྲུབ། ནན་ཏུར་གྱི་ཆད་པ་ལ་སོགས་ལྟར་ཙམ་དུ་སྟོན་པ་མ་གཏོགས། དོན་ལ་ཉོན་མོངས་པ་རང་བཞིན་དབང་དུ་གྱུར་པ་མེད་དེ། མི་དགེ་བ་བཅུ་ལས། མིའི་སྲོག་གཅོད་པ་ནི་རྣམ་པ་ཀུན་ཏུ་སྤངས་ཏེ། གྲོས་དང་ཡི་གེ་གང་གིའང་གསེབ་ཏུ་མི་ཞུགས་པའི་དམ་བཅའ་མཛད་འདུག །། དུད་འགྲོ་ལ་སོགས་ལ་སྐྱེ་བ་གཞན་གྱི་ཆེད་དུ་གཡོག་འཁོར་ལ་སོགས་ཀྱིས་དབང་མེད་དུ་འཚེ་བ་བྱུང་ན་འང་། ཐུགས་ལ་འཚེར་སྣང་བསམ་གྱིས་མི་ཁྱབ་པ་འཁྲུང་བས་དགེ་བའི་སེམས་འཕེལ་བ་མ་གཏོགས་དེ་ལ་དགྱེས་པ་དང་ཞལ་ཏ་མཛད་པ་མ་སྲིད་པ་ཡིན། ས་ཆ་ཐམས་ཅད་དུ་མིས་གཙོ་བྱས་སེམས་ཅན་ཐམས་ཅད་སྲོག་སླུ། ཉེའུ་འདོན། རི་རྒྱ་ཆུ་རྒྱ་ལ་སོགས་ཀྱི་སྲོག་བསྐྱབས་པ་བགྲང་གིས་ག་ལ་ཡང་། ཉེས་བྱེད་མ་རུངས་པ་ཚར་མ་བཅད་ན་མང་པོ་ལ་གནོད་པ་འགྱུར་བ་རྣམས། གསེར་འོད་དམ་པའི་མདོ་རྒྱལ་པོའི་བསྟན་བཅོས་ལྷའི་དགེ་པོའི་དམ་ཚིག་ལ་སོགས་ནས་ཀྱང་ཚར་བཅད་པར་བཤད། འོན་ཀྱང་ཐབས་ལ་མཁས་པས། ཉེས་པ་ལྕི་བ་རྣམས་ཡང་བ། ཡང་བ་རྣམས་ཉེས་མེད་དུ་བསྐྱབས་པ་འབའ་ཞིག་ཡིན། མ་བྱིན་པར་ལེན་པ། དཀོན་མཆོག་སྐོར་ལ་ནི་ནམ་ཡང་མི་རེག་པ་ཡིན། གཙུག་ལག་ཁང་དང་། དགེ་འདུན་གྱི་ཞབས་ཏོག་སྒྲུབ་དགོས་པས། འདི་ཁོ་ནའི་ཟོན་འཛེམ་བག་མཛད། ཁྲལ་སྲོལ་ཆགས་ནི་བློས་བླངས་པས་མ་བྱིན་པ་མ་ཡིན་ཏེ། འདུལ་བ་ལུང་ལས་ཀྱང་།