R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 50
[A:50] དགེ་སྦྱོང་གིས་ཀྱང་ཤི་ལམ་མཇལ་བར་བཤད་ཡོད། འོན་ཀྱང་གཞན་གྱི་ཆེད་མ་གཏོགས། རང་ཆེད་དུ་ལེན་པ་འགའ་ཡང་མི་མཛད། སྤྱིར་འཇམ་དགོས་ཀྱི་བསྡུད་ཆེན་རང་ནོར་གྱིས་གཞལ་ནས་ཚུར་ལེན་དགོས་བཅག་པ་ཤིན་ཏུ་མང་། འདོད་པ་ལ་ལོག་པར་གཡེམ་པ་ནི་རྨི་ལམ་དུའང་མེད་ཅིང་ཁབ་ཏུ་གནས་པར་སྟོན་པའང་དགོས་པའི་དབང་ལས་གཏོགས་འདོད་སྲེད་རང་ཁ་མ་ག་ལ་ཡིན། ཁྱིམ་པའི་ཕྱོགས་ཀྱི་ཚུལ་ཁྲིམས་ལ་ཤས་ཆེར་གནས་པ་ཡིན། ངག་གི་རྣམ་པ་བཞི་ལས། སྡོམ་པ་གསུམ་གང་བཀག་པ་དེ་རྣམས་ནི་སྤྱོད་པ་མི་སྲིད་པ། གནང་བ་གང་ཡིན་པ་དེ་རྣམས་ནི་དོན་ཆེན་པོར་འགྱུར་བ་ཡིན་ནོ། ཡིད་ཀྱི་གསུམ་ནི། རྣམ་པ་ཐམས་ཅད་དུ་ཡོང་མི་མངའ། དེ་རྣམས་ཀྱི་གཉེནཔོ་འདོད་པ་ཉེས་དམིགས་སུ་བལྟ་བ་དང་། བྱམས་པ་དང་། སྙིང་རྗེ། ལྟ་བ་ཕུན་སུམ་ཚོགས་པ་ཤིན་ཏུ་སྟོབས་གྱུར་པ་མངའ་བ་ཡིན་མོད། དེས་ན་བདག་ཉིད་ཀྱང་མི་དགེ་བ་བཅུ་ལས་བཟློག་ཅིང་། དགེ་བ་བཅུ་སྒྲུབ་ནས། གཞན་དབང་ཀྱང་མི་དགེ་བཅུ་ལས་བཟློག་ཅིང་། དགེ་བ་བཅུ་ལ་རབ་ཏུ་འགོད། དགེ་བ་བཅུའི་ཁྲིམས་ཀྱི་འཇིག་རྟེན་གྱི་མ་རུང་པ་རྣམས་འདུལ། འཇིག་རྟེན་གྱི་བྱ་བ་རྣམས་ཆོས་ཕྱོགས་སུ་ཁ་ལོ་བསྒྱུར། འཇིག་རྟེན་ཀུན་ལ་ཕན་པར་མཛད་པས་གཙོ་བོའི་འདྲེན་པར་གྱུར་པ་ལགས་མོད། དེ་ལྟར་འཇིག་རྟེན་གྱི་སྤྱོད་པ་འདུལ་བའི་དབང་གིས་སྟོན་དགོས་བྱུང་བ་མ་གཏོགས་སྐུ་ཚེ་མང་པོ་ནས། འཁོར་བའི་སྐྱོན་གཟིགས་ཐར་པའི་རིགས་རྒྱ་པས། ཐོག་མ་ཉིད་ནས་དམ་ཆོས་དགོངས་རྫོགས་ཀྱང་། དམ་པའི་ཚུལ་ཕྱིར་འཇིག་རྟེན་ཀུན་ཡངས་ནས། དེས་འབྱུང་བསྙེན་པར་རྫོགས་ལ་ཕྱག་འཚལ་ལོ།