R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 53
[A:53] ༄༅ དགེ་བསྒྲུབ་པ་གསུམ་པ་སྟེ། རྩེ་གཅིག་ཡིད་ནི་ཡོད་པར་གྱུར་པ་བཞི་པར་གསུངས། ཅེས་གསུངས་པ་ལྟར། སྔོན་གྱི་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་ཡང་། དགུང་ལོ་ཉི་ཤུ་རྩ་དགུར་ཁབ་ཏུ་བཞུགས་ནས། མངོན་པར་བྱུང་སྟེ། ལོ་དྲུག་དཀའ་བ་སྤྱད་ནས་མངོན་པར་རྫོགས་པ་སངས་རྒྱས། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱང་ཁྱིམ་ནས་མངོན་པར་བྱུང་བར་བསྟན་པ་ཆེས་མང་གི། ཁྱིམ་དུ་རྟག་པར་གནས་པ་ནི་མ་ཡིན་ཏེ། དམ་པའི་ཚུལ་ནི་གོ་རིམས་དེ་ལྟ་བི་ཡིན་ནོ་སྙམ་དུ་སྒྲུབ་པར་བཞེད་ནས། ཆུ་ཕོ་ཁྱིའི་ལོ་ལ་དཔལ་གྱི་རི་བོ་བཏབ། དགུང་ལོ་བཞི་བཅུ་པ་ཕག་གི་ལོ་ལ་བདག་ཅག་གོང་ནས་འཁོར་མ་ཐག །། འཚལ་པ་ཁྲི་སྐོར་གྱི་ཁུར་བདག་ལ་ཕོགས། མཛོ་ཁལ་ར་ལ་བྱོ། བོང་ཐོར་ལ་ས་ཡ་བཀལ། ལོ་གསུམ་གི་མགོ་འདྲེན་དང་། ཞལ་ཏ་མཛད་པར་ཞལ་གྱི་བཞེས་པ་བཞིན་མཛད་ནས་དགུང་ལོ་བཞི་བཅུ་ཞེ་གཉིས་པ་ཤིང་མོ་གླང་གི་ལོ་རྫོགས་པར་ཕྱིར་བཅད། སྐུ་མཚམས་འབའ་ཞིག་མཛད། སུ་དང་ཡང་མ་མཇལ། འཇིག་རྟེན་གྱི་བྱ་ལ་ཞལ་ཏ་མ་བྱོན། ཐུགས་མ་བཅུག །། གོང་དུ་ལུང་ལག་རྟགས་གཏོད་མི་བཏང་། དེའི་ལོན་མ་སློབ་ཀྱང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་མི་གཙང་བའི་སྐྱུགས་པའམ། ཕྱག་དར་ཁྲོད་ཀྱི་རྩ་ལྟར་དོར། དགུང་ལོ་བཞི་བཅུ་ཞེ་ལྔ་པ་ས་ཕོ་འབྲུག་གི་ལོ་དབྱར་ཟླ་དང་པོའི་ཉི་ཤུ་བདུན་ལ་པན་ཆེན་ཤཀྱཱ་ཤྲིའི་གདན་ས་བ་ཇོ་གདན་ཚོགས་པ་ཆེན་མོའི་མཁན་ཆེན་བསོད་ནམས་དཔལ་བ་ལ་མཁན་པོས་ཞུས། འགྲོ་བའི་མགོན་པོ་ཞང་རིན་པོ་ཆེའི་གདན་ས་བ། རིན་པོ་ཆེ་ཡང་དགོན་པ་བྱུང་ཆུབ་དཔལ་