R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 58
[A:58] ཁ་འབར་ལ་སོགས་གཏོར་མའི་རིམ་པ། ཀ་ལྦི་ངན་སོང་སྦྱོང་རྒྱུད། འཇིགས་བྱེད་ར་ལུགས་ཀྱི་དབང་། གཤེད་དམར་ལྷ་བཅུ་གསུམ་མའི་བདག །། སྒྲོལ་མ་ལྷ་ཁང་འདུན་གྱི་དབང་། ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་ལ་ཚོགས་དང་བཅས་པ་རྣམས། ཕྱག་རྒྱ་ཆེན་པོ། གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེ་དཔག་མེད། བྷ་ཡ་ནའི་ཕྱིར་བཟློག་གི་བསྐོར། བརྟག་གཉིས་མེ་ལུགས་ཀྱི་ཚོགས་བཤད། བླ་མ་ལྔ་བཅུ་པ། རྩ་ལྡུང་བཅུ་བཞི་པ། སྐྱེས་རབས་ལ་སོགས་པ་རྣམས་ཐོབ། དེའི་རྗེས་སུ་བླ་མ་མཁས་གྲུབ་ཆོས་རྗེ་དུས་གསུམ་གྱི་སངས་རྒྱས་རིན་པོ་ཆེ་ཐུགས་རྗེ་ཅན། བྱིན་བརླབས་ཅན། སྐུ་དྲིན་ཅན་དེ་དང་། དྲུང་རིན་པོ་དགུང་ལོ་སུམ་བཅུ་སོ་གསུམ་བཞེས་པའི་ལོ་ལ་མཇལ། མཇལ་མ་ཐག་ཏུ། སྔོན་གྱི་སྐུ་ཚེ་མང་པོར་རྗེས་སུ་གཟུང་ཞིང་། བྱིན་གྱིས་བརླབས་པའི་དམ་ཚིག་གི་བག་ཆགས་སད་དེ། སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས། བཅོས་མ་མ་ཡིན་པའི་མོས་གུས་ཐོབ། ཚད་བཟུང་མེད་པའི་གདུང་ཤུགས་འབར། ཡུན་རིང་པོ་བསྟོན་པ་དང་། ཐུགས་དམ་ཁྲིད་ལོང་ཆེར་མ་བྱུང་ཡང་། ཟླ་བ་གཅིག་ཏུ་ཉིན་མཚན་མེད་དུ་གསོལ་བ་བཏབ་པས། ལོ་ཟབ་མོ་མོས་གུས་ཀྱི་ལམ་དུས་གཅིག་ཏུ་བསྒྲོད་ནས། བླ་མའི་བྱིན་རླབས་ཞུགས་ཏེ། ལྷན་གཅིག་སྐྱེས་པའི་ཡིད་སེམས་ཀྱི་རྟོགས་པ་འཁྲུངས་པས་སྐུ་དྲིན་ཆེ་བ། ཉི་མའི་དལ་ཤར་བས་མུན་པ་དུས་གཅིག་ཏུ་སངས་པ་ལྟ་བུ་ཡིན། དེའི་དྲིན་ལས་ཐོབ་པའི་ཕྱག་རྒྱ་ཆེན་པོ་ཁྲིད། གཅོད་བཀའ་བརྒྱུད། གཏུམ་མོ་གླན་ལུགས། ཧ་དམྱི་རྒྱ་མཚོ། ཀུ་སུ་ལུའི་ཚོགས་བསོག་གོ། དབྱུག་པའི་གདམས་ངག །། བདེ་མཆོག་དྲིལ་བུ་བའི་དབང་། ཚེ་དཔག་མེད་ཀྱི་དབང་།