[A:5]
༄༅ ཁྱེད་ཀྱི་རྣམ་ཐར་པ་བསམ་མི་ཁྱབ། འོན་ཀྱང་གདུལ་བྱའི་བློ་ངོར་གང་འཚམ་དུ། ཇི་ལྟར་བསྟན་པ་ན་བདག་ལ་གུས་པས་བསྟོད། དེ་ལྟར་སྤྲུལ་པའི་སྐུ་ཁྱོད་སངས་རྒྱས་ཐམས་ཅད་དང་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། སངས་རྒྱས་ཉིད་དུ་གྱུར་ནས་དེ་དག་ཀུན། རྟེན་ཀྱང་ཅིང་ཀྱང་རྟོགས་པ་ཆེ་ལ་དང་། མཛད་པ་གཅིག་ཏུ་འདྲིས་ཤིང་རྟག་པར་ཡང་། སེམས་ཅན་ཚོགས་བཅས་ཉེ་བར་སྤྱད་པ་ཆེ། ཞེས་གསུངས་པས་སོ། དེ་བས་ན་ཁྱོད་ཀྱིས་རྣམ་པར་ཐར་པའང་བསམ་གྱིས་མི་ཁྱབ་སྟེ། འཕགས་པ་ནོར་གྱི་རྒྱུན་གྱི་གཟུངས་ལས། སངས་རྒྱས་བཅོམ་ལྡན་བསམ་གྱིས་མི་ཁྱབ་སྟེ། སངས་རྒྱས་ཆོས་ཀྱང་བསམ་གྱིས་མི་ཁྱབ་པ་ལགས། ཅེས་གསུངས་པ་ལྟར་རོ། འདི་ལྟར་བླ་མ་སངས་རྒྱས་སུ་འཛིན་པ་ལ་འགའ་ཞིག་གིས་གཤེ་བར་ནི་མི་བྱ་སྟེ། རྡོ་རྗེ་གུར་ལས། གང་ཉིད་རྡོ་རྗེ་བསམ་ཞེས། དེ་ཉིད་སློབ་དཔོན་གཟུགས་སུ་འཛིན། སེམས་ཅན་ཕན་བདག་དམྱི་ནས་ནི། ཐ་མལ་པའི་གཟུགས་ཀྱི་གནས། ཞེས་གསུངས་པའི་ཕྱིར་རོ། འོན་ཀྱང་ད་ལྟའི་གདུལ་བྱའི་བློའི་ངོར་གང་འཚམ་དུ་རྣམ་པར་ཐར་པ་ཚུལ་ཇི་ལྟར་བསྟན་པ་མོས་པར་བྱས་ཤིང་བརྗོད་པ་ལ་སྐྱོན་མེད་དེ། ཉན་ཐོས་རང་རྒྱལ་ལ་སོགས་རྣམས་ཀྱིས། རྒྱལ་བའི་ལོངས་སྐུའི་ཡོན་ཏན་མ་རྟོགས་མོད་ཀྱི། བསྟན་པའི་སྤྲུལ་པའི་སྐུའི་ཡོན་ཏན་བརྗོད་ཀྱང་བསྐུར་འདེབ་སུ་མི་འགྱུར་བ་ལྟར་རོ། དེ་བས་ནས་བདག་ཉིད་ཆེན་པོས་བསྟན་པའི་རྣམ་པར་ཐར་པ་ལ། བདག་གིས་གུས་པས་བསྟོད་པ་བྱ་ཡིས། གདུལ་བྱ་ཐམས་ཅད་ཀྱི་མོས་གུས་རྒྱ་ཆེན་པོས་གཟུང་ཞིང་གསལ་བ་གདབ་པའི་རིགས་སོ། རྣམ་པར་ཐར་པ་ཇི་ལྟ་བུ་ཅེ་ན།