[A:6]
ཐུབ་དབང་བསྟན་པ་འཛིན་སྐྱོང་སྤེལ་བའི་ཕྱིར། བསྟན་པའི་སྙིང་པོ་བོད་ཀྱི་མ་ག་ཏ། བསྟན་གཙོོ་མཆོག་གི་སྤྲུལ་སྐུ་བཞུགས་པའི་བར། སྨོན་ལམ་དབང་གིས་སྐྱེ་བ་བཞེས་ལ་འདུས། སྤྲུལ་པའི་སྐུ་བསམས་བཞིན་སྐྱེ་བ་བཞེས་པ་ནི། ཐུབ་པའི་བསྟན་པ་འཛིན་སྐྱོང་སྤེལ་བའི་ཕྱིར་ཡིན་ལ། དེ་སྒྲུབ་པ་ལ་ནི། བསྟན་པ་གང་དུ་གནས་པའི་སའི་སྙིང་པོ་དེར་སྐྱོ་བ་བྱུང་དགོས་ཤིང་། བསྟན་པ་གནས་པའི་སའི་སྙིང་པོ་དེ་ནི་མ་ག་ཏ་ཞེས་པ། ཡུལ་དབུས་ཡིན་ལ་རྒྱ་གར་རྡོ་རྗེའི་གདན་དུ་རྒྱལ་བ་མངོན་པར་བྱང་ཆུབ་ཅིང་བསྟན་པ་བྱུང་བས་མ་ག་ཏ་ཞེས་བརྗོད་ཅིང་། ད་ལྟ་འཛམ་གླིང་ཕལ་ཆེར་ན་བསྟན་པ་ནུབ་པ་ལ་ལྟོས་ནས། བོད་འབའ་ཞིག་ན་དར་བར་གནས་ཤིང་། དབུས་གཙང་ཁམས་སུ་ལའང་དབུས་ཀྱི་ཡུལ་འདིར་ས་བཅུའི་མགོན་པོའི་སྤྲུལ་པ་ཆོས་རྒྱལ་མེ་དབོན་རྣམས་དང་། ལོ་པཎ་སྐྱེས་ཆེན་ཁྱད་པར་ཅན་རྣམས་བྱོན་ནས། དམ་པའི་ཆོས་དབུ་བརྙེས། སྲོལ་གཏོད། དར་ཞིང་རྒྱས་པར་མཛད་པས་ཡུལ་དབུས་ཁོ་ན་ཡིན་ནོ། དབུས་གཙང་གཡས་རུ། གཡོན་རུ། དབུས་རུ། རུ་ལྷག་བཞི་རུ་བགོས་པ་ལ་ནི་དབུས་སུ་སྐྱིད་ཤོད་ཡིན་ལ། སངས་རྒྱས་དངོས་དང་མཚུངས་ཤིང་། འཛམ་བུའི་གླིང་ན་འགྲན་ཟླ་མེད་པ། བསྟན་པའི་གཙོ་བོ་མཆོག་གི་སྤྲུལ་སྐུ་ཇོ་བོ་རིན་པོ་ཆེ་བཞུགས། ལྷ་ས་འཕྲུལ་སྣང་གཙུག་ལག་ལག་ཁང་ན་ཡོད་པ་དེ་ནི། བོད་ཀྱི་མ་ག་ཏ་ཡིན་ནོ། འཇམ་དཔལ་རྩ་རྒྱུད་ལས་ཀྱང་། ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། གངས་ཅན་རིིའི་ནང་གནས་པ། ཞེས་གསལ་པོར་གསུངས་བ་ལྟ་བུ་བོད་ནང་ཡུལ་གཞན་ལ་མེད་དོ།