[A:85]
སྤྲལ་ནུས་པ་ལྟ་བུ་གདའ། རྫོགས་པའི་རིམ་ལ་དྲོད་བདེ་གསལ་མི་རྟོག་སྟོང་པའི་ཉམས་མྱོང་། ཞི་གནས་ལྷག་མ་མཐོང་ཟུང་འཇུག་གི་རྟོགས་པ་ཤར་བས་སྒོམ་ཆེན་བཟང་བའི་རབ་ཏུ་གྱུར་པ་ཡིན། དེ་ལྟར་སྡོམ་པ་གསུམ་ལག་ལེན་གོང་འོག་མ་འདྲེས། དགོངས་པ་གནད་ཀྱིས་མི་འགལ། གནང་བཀག་དུས་ཁེབས་གང་འཕྲོད། དགོས་པ་ཡོན་ཏན་པར་ལྡན། ངོ་བོ་བསྲུངས་སེམས་དབྱེར་མེད་དུ་ལྡན་པར་བཞུགས། སྡོམ་པ་གསུམ་གྱི་སྤང་བྱ་སྤོང་བ་དེ་ལྷག་པ་ཚུལ་ཁྲིམས་བསླབ་པ། བསླབ་བྱ་སློབ་པ་དེ་ལྷག་པ་སེམས་ཀྱི་བསླབ་པ། སྤོང་སྒྲུབ་ཤེས་པ་དེ་ལྷག་པ་ཤེས་རབ་ཀྱི་བསླབ་པ་ཡིན་མོད། དེ་མཆོག་ཏུ་གྱུར་པས། འདུལ་བའི་ཐབས་མཁས་མཛད་ཀུན་དོན་མེད་པའི། མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་དང་ལྡན། སྐལ་བ་ཇི་བཞིན་གདུལ་བྱ་སྨིན་གྲོལ་འགོད། དུས་བབ་གདུལ་བྱ་འདུལ་ལ་ཕྱག་འཚལ་ལོ། གདུལ་བྱ་གང་ལ་ཐབས་གང་གིས་འདུལ་བའི་ཐབས་དེ་ཤིན་ཏུ་མཁས་ཏེ། འགའ་ཞིག་ཞི་བས་འབྲིད་ཅིང་སློབ། འགའ་ཞིག་དྲག་པོས་རྫོགས་ཤིང་འཇུར། འགའ་ཞིག་ཐབས་ཀྱི་བསྐོར་ཞིང་འདྲེན། འགའ་ཞིག་བཙན་ཐབས་སུ་འཆེས་ཤིང་འདུལ། གསུང་རེ་རེ་ལ་མང་པོས་གོ་བ་སོ་སོ་བླང་བཏུབ་པ་དང་། སྤྱོད་ལམ་གྱི་རྣམ་འགྱུར་མང་པོ་ལ་བློ་བསྐྱེད་ཐོན་པ་ཡོད། དཀའ་ཚེགས་ཆུང་ངུས་དགེ་བ་བརླབས་པོ་ཆེ་འགྲུབ་པ་དང་། མངོན་མཚན་མེད་བཞིན་དུ་ཇི་ལྟར་བཞེད་པའི་དོན་ཆེན་པོ་ཤུགས་ཀྱིས་འགྲུབ་པ་མཁྱེན། བསྐྱངས་པ་མ་ཚོར་བར་འཁྱོངས་པ། བཏུལ་བ་མ་ཚོར་བར་ཐུལ་བ། བསྒྲུབས་པ་མ་ཚོར་བར་འགྲུབ་པ། མཛད་པ་མ་ཚོར་བར་དོན་གཉིས་རྒྱ་ཆེན་པོ་མཛད་ཚར་ཡོང་