R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 8
[A:8] འབྱོར་ཡིན་ནོ་ལ། སྐལ་བ་དང་ཤེས་རབ་ནི། ངེས་པར་ལེགས་པ་ཞི་བའི་ཕྱོགས་དང་མཐུན་པའི་དཔལ་འབྱོར་ཡང་ཡིན་ཏེ། དེ་རྣམས་བདག་ཉིད་ཆེན་པོ་འདི་ལ་ཇི་ལྟར་ཚང་ན། རིགས་བཟང་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི། སྤྱིར་བོད་ཙམ་སྤྱན་རས་གཟིགས་དང་། སྒྲོལ་མས་བྱིན་གྱིས་རླབས་པ་ཐེག་པ་ཆེན་པོའི་རིགས་ཅན་ཡིན་མོད། རྒྱ་གར་བ་ལྟར་ན་རིགས་བཞི་ལ། རྒྱལ་རིགས་རྒྱལ་ཆེ་བ་དང་། བྲམ་ཟེ་ལྟ་བ་བརྟུལ་བྱུང་ཀྱིས་རྨོངས་པ་དང་། གདོལ་པོའི་རིགས་ངན་པའི་སྤྱོད་པ་ཅན་མ་ཡིན་ཏེ། རྗེ་རིགས་ཡ་རབས་འཕྲུལ་གྱི་བརྒྱུད་ཡིན་ནོ། དེ་ཡང་སྔོན་གྱི་ཡིག་ཚང་ལས་བྱུང་བ་འོད་གསལ་གྱི་ལྷ་ལས་ཆད་པས་ཆེ་བའི་གདུང་བཙུན། ཁ་དྲག་དབལ་ལས་ཆད་པས་སྲིད་པའི་ལྷ་གཉན། ཆེ་བརྒྱུད་བློན་དུ་གྱུར་པས་ཐབས་དང་ཡིག་ཚང་མཁས། མི་རྒྱུས་ལ་ཆེ་གཉན་བཙུན་གསུམ་ཚང་བ་བརྒྱུད་འགར་ལགས་ཏེ། དང་པོར་ལྷ་ཡུལ་གནམ་གྱི་མཐོང་ནས་བབས་པ་འགར་ཚེ་གནམ་ཚེ་འབྲུག་ དེང་གཡུ་ཟ་བོད་དཀར་གྱི་སྲས། འགར་མཐིང་ན་རྗེ། དེའི་སྲས་འགར་བླ་མ་ཁྱོན་ཆེན་པོ་ཁྲི་སྒྲ་འཇིང་སྨུག་གིས། འཛངས་པའི་འཕྲུལ་བྱུང་བ་ནི། མལ་གྲོ་ཁྲ་བོའི་རི་ལ། རྒྱ་བོད་སྤྲིན་ཕུང་འདྲ་བ་འཁྲིགས་པའི་དུས་སུ། དཔའ་བའི་ལམ་གཏད་པས། ཡིག་ཚང་ནི་རྒྱལ་དང་མཉམ། དཔའ་བའི་དཔའ་མཚན་ནི་རྫི་དར་སྨུག་པོ། དགྲ་ལྷ་ལྕགས་ཀྱི་བྱ་ཁྲ་སྨད་གསུམ་རྒྱུག །། དུས་དེར་ཁྲིམས་བཅས་ཏེ་སྟོང་ཐང་ནི་ཉི་ཁྲི་བདུན་སྟོང་། འབངས་ཀྱི་སྟོང་ཐང་ནི་ཁྲི་བདུན་སྟོང་། རྨས་པ་གསོས་ནི་ལྷ་གཡག་དཀར།