[A:96]
རྟིང་ན་གོང་མ་བཤེགས་པའི་གཏམ་དེ་བྱུང་། དེ་ལྟ་བུའང་མང་པོ་ཡོད། གཞན་ཡང་། དྲུང་པ་གང་བཞུགས་པའི་ས་ཕྱོགས་དེ་སྣུམ་ཞིང་མདངས་ཆེ་བ་ལྟ་བུ། མི་བཞུགས་ཙ་ན་སྟོང་པ་དང་། སྐྱ་ཆག་ཏུ་འགྲོ་པ་ལྟ་བུའོ། མི་རྣམས་ཀྱང་གཞན་དུ་ཁྱུག་སེ་བ་ལས་མེད་ཀྱང་། དྲུང་དུ་སྡད་ཙ་ན། གཟུགས་དང་སྤྱོད་པ་ཐམས་ཅད་ཁྱད་འཕགས་སུ་འགྱུར་བ་ལྟ་བུ། དངོས་པོའི་རིགས་ཀྱང་ཕྱག་ཏུ་བྱུང་ཙ་ན་ལྷག་པར་སྤུས་དག་ཏུ་འགྲོ་བ་ལྟ་བུ་ཡོད། དཔལ་གྱི་རི་བོ་འདི་དང་པོ་གཟར་པོ་ཞིག་ཡོད་པ་ལ། ཕྱིས་ས་ཁྲོད་ཡངས་ཤིང་བདེ་མོར་སོང་བ་ལྟར་གནང་གིན་གདའ། སྣང་བ་དབང་འདུས་ཤིང་བྱིན་གྱིས་བརླབས་ལ་ལགས་མོད། མདོར་ན་རང་གི་བལྟ་ཤེས་ན། རྨད་དུ་བྱུང་བའི་ཡོན་ཏན་ཇི་ཙམ་ཡང་མཐོང་བར་གདའ་སྟེ། བློ་མིག་དམན་པས་རྡུགས། དམུས་ལོང་གིས་མར་ལ་ལག་པས་ཉུག་པ་མ་གཏོགས་མིག་གིས་བལྟ་བ་མ་བྱུང་གདའ། རྗེ་བཙུན་རིན་པོ་ཆེ་འདི། སྔོན་དགྲ་བོ་འཕགས་པ་ཀུན་དགའ་བོར་གྱུར་པ་ལྟ་བུའི་ངེས་པ་ཅུང་ཟད་གཅིག་བདག་ལ་བྱུང་བ་དང་། གཞུང་མངར་རྣལ་འབྱོར་སྣང་བ་དག་པ་གཅིག་ལ་སྔོན་གྱི་གྲུབ་ཐོབ་ཆེན་པོ་ཐ་ག་ལ་ཡིན༷་པའི་ངེས་ཤེས་བྱུང་བའང་འདུག །། བླ་མ་ལྷོ་པ་ལ་རྒྱལ་པོ་སྲོང་བཙན་སྒམ་པོར་སྣང་ནས་དབང་བསྐུར་བའི་རྨི་ལམ་བྱུང་འདུག །། རང་མོས་གུས་དག་པའི་སྣང་བ་ལ་སྐྱོན་གདགས་སུ་ཅི་ཡོད། ཇི་སྲིད་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་མ་བཞག་བར་དུ། ཉིད་ཀྱིས་མཛད་པའང་ག་ལ་རྫོགས། ཕྲིན་ལས་ཀྱང་ག་ལ་ནུབ། གདུལ་བྱའང་ག་ལ་ཟད། འོན་ཀྱང་སྨོན་གྱིས་སྨོན་ལམ་གྱི་འཕེན་པ་ཞིག་དང་། སྤྲུལ་པའི་